གཙོ་འཛིན་པདྨ་རྒྱ་མཚོ་གིས་ གཞུང་སྐྱོང་གི་དོན་ལུ་ ཉམས་མྱོང་དང་ ལྕོགས་གྲུབ་ཅན་གྱི་ འདེམས་ངོ་ཚུ་ཡོད་པའི་སྐོར་ གསལ་བཤད་འབད་བའི་བསྒང་།

འབྲུག་ཕུན་སུམ་ཚོགས་པའི་ གཙོ་འཛིན་གྱིས་ དབྱེ་དཔྱད་ཐོག་ གདམ་ཁ་རྐྱབ་གནང་ཟེར་བཤད་ཡོདཔ།

༉ ཁ་ཙ་ རྩི་རང་ལུ་ སྐུལ་བསྒྲགས་འབད་བའི་སྐབས་ འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ པདྨ་རྒྱ་མཚོ་གིས་ རྒྱལ་ཁབ་ཀྱི་ མ་འོངས་གནས་སྟངས་ མདུན་སྐྱོད་ཀྱི་དོན་ལས་ ཐག་བཅད་ནིའི་ དབང་ཚད་དེ་ སྲིད་དོན་ཚོགས་པ་ཚུ་ལུ་ བཞག་ནི་མི་འོང་ཟེར་མི་སེར་ཚུ་ལུ་ དྲན་བསྐུལ་འབད་ནུག།
དེ་སྦེ་ དབང་ཚད་བྱིན་ནི་མེན་པར་ མི་སེར་ཚུ་གིས་ བསམ་ཞིབ་ཐོག་ འོས་ལྡན་གྱི་ ཚོགས་པ་ལུ་ ཚོགས་རྒྱན་བཙུགས་ནི་གི་ ཐག་བཅད་དགོཔ་བཞིན་དུ་ སྲིད་ཚོགས་ལུ་ ཐག་བཅད་བཅུག་ནི་དེ་ འཛོལ་བ་ཨིན་ཟེར་ གཙོ་འཛིན་གྱིས་ བཤདཔ་ཨིན་པས།
གཙོ་འཛིན་གྱིས་འབད་བ་ཅིན་ མི་སེར་ཚུ་གིས་ སྲིད་ཚོགས་ཀྱི་ ཁས་བླངས་གསལ་བསྒྲགས་དང་ ལྟ་བ་ཚུ་ལུ་ གཞི་བཞག་སྟེ་ ཐག་བཏོག་དགོཔ་མ་ཚད་ ཧ་མ་གོ་བ་ཅིན་ དྲི་བ་བཀོད་དགོ་ཟེར་ཨིནམ་ད་ སྲིད་ཚོགས་ཚུ་གིས་ ཁས་བླངས་འབད་མི་དང་ ག་ཅི་བཟུམ་སླབ་རུང་ ཚོགས་རྒྱན་འཐོབ་ནིའི་དོན་ལུ་ཨིནམ་ལས་ མི་སེར་ཚུ་གིས་ ཁས་བླངས་ཚུ་ འགྲུབ་ནི་གི་ འོས་འབབ་ཡོད་མེད་དང་ རྒྱལ་ཁབ་དང་ མི་སེར་ལུ་ ཕན་ཐོགས་འབྱུང་མི་འབྱུང་བལྟ་སྟེ་ ཐག་བཅད་དགོ་ཟེར་བཤད་ནུག།
འབྲུག་ཕུན་སུམ་ཚོགས་པ་གིས་ མི་སེར་ཚུ་ལུ་ གནས་སྐབས་ཅིག་ དགའ་སྐྱིད་འབྱུང་ནིའི་དོན་ལུ་ ཁས་བླངས་འབད་ནི་མེདཔ་ལས་ རྒྱལ་ཁབ་ཀྱི་ རང་བཙན་སྒྲིང་སྒྲི་དང་ མི་རབས་ལས་ མི་རབས་ཀྱི་བར་ན་ རང་ལྡང་བཟོ་ཚུགས་པའི་ ཁས་བླངས་ཚུ་འབད་ཨིན་ཟེར་ པདྨ་རྒྱ་མཚོ་གིས་ བཤད་པའི་ཁར་ གལ་སྲིད་ ཚོགས་པ་གིས་ གཞུང་སྐྱོང་ནིའི་ གོ་སྐབས་འཐོབ་པ་ཅིན་ དཔལ་འབྱོར་གོང་འཕེལ་ཐོག་ སྤྱི་ལོ་༢༠༢༥ ལུ་ རང་མགོ་རང་འདྲོངས་བཟོ་ནི་ལུ་ བརྩོན་ཤུགས་བསྐྱེད་ནི་ཟེར་ བཤད་ནུག།
ཁོ་གིས་འབད་བ་ཅིན་ མི་སེར་ཚུ་ལུ་ རིན་མེད་སྟོང་པའི་ཞབས་ཏོག་ དཔེར་ན་ བརྡ་དོན་མཐུན་རྐྱེན་ ཝའི་ཕེ་དང་ གློག་མེ་ཡུ་ནིཊ་༡༠༠ སྟོར་པར་བྱིན་ནི་ དེ་ལས་ གྲོང་གསེབ་ཀྱི་ སྐྱེས་མ་ཚུ་ལུ་ རང་སོའི་ཨ་ལོ་ཚུ་ལུ་ ཨོམ་བྱིན་ནིའི་དོན་ལས་ ཟླ་ངོ་༦ གི་རིང་ འཐུས་སྤྲོད་ནི་ཚུ་ གནས་སྐབས་ཅིག་གི་ ཐབས་ལམ་ཨིནམ་ད་ འདི་བཟུམ་མའི་ ཞབས་ཏོག་ཚུ་ རིན་མེད་སྟོང་པར་ བྱིན་པ་ཅིན་ རྒྱལ་ཁབ་ཀྱིས་ རང་མགོ་རང་འདྲོངས་ཀྱི་ དམིགས་དོན་དེ་ ནམ་ཡང་འགྲུབ་མི་ཚུགས་ཟེར་ གཙོ་འཛིན་གྱིས་ བཤདཔ་ཨིན་པས།
དེ་མ་ཚད་ རྒེད་འོག་རེ་ནང་ ཌོག་ཊར་དང་སྦྲགས་ གསོ་བའི་ཞབས་ཏོག་ཚུ་ འཐོབ་ཚུགསཔ་སྦེ་ བཟོ་ནི་གི་ ཁས་བླངས་ཚུ་ཡང་ འབད་དོ་ཡོད་རུང་ མི་སེར་ཚུ་གིས་ ཧ་གོ་དགོཔ་ དེ་ཡང་ རྒྱལ་ཁབ་ནང་ གོང་འཕེལ་ལས་རིམ་ འགོ་བཙུགས་ཏེ་ ལོ་ངོ་༥༥ ལང་ཡོད་རུང་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ སྨན་བཅོས་འབད་མི་ ཌོག་ཊར་ལངམ་སྦེ་ བཙུགས་མ་ཚུགས་པར་ཡོད་ཟེར་བཤད་ནུག།
གལ་སྲིད་ འབྲུག་ཕུན་སུམ་ཚོགས་པ་དེ་ གཞུང་སྐྱོང་ནང་ ལྷོད་པ་ཅིན་ གཙོ་བསྟེན་སྨན་ཁང་ཚུ་ནང་ སྨན་བཅོས་མཁས་མཆོག་ཚུ་ ཁ་སྐོང་བཙུགས་ནི་དང་ ད་ལྟོ་ཡོད་མི་ སྨན་ཁང་ཚུ་ནང་ སྨན་གཡོགམོ་དང་ གསོ་བའི་ལས་རོགསཔ་ ཐེབས་མཁོ་སྤྲོད་འབད་ནི་ཨིནམ་མ་ཚད་ སྨན་བཅོས་མཁས་མཆོག་རེ་ གནང་འོང་ཟེར་ གཙོ་འཛིན་གྱིས་ བཤདཔ་ཨིན་པས།
དེ་ལས་ ཕུན་སུམ་ཚོགས་པ་གིས་ དབང་ཚད་འཐོབ་པ་ཅིན་ སློབ་གྲྭ་ལྟེ་བ་ཚུ་ སྒོ་བསྡམ་ནི་མས་ཟེར་ འཐོར་གཏམ་ཡོད་མི་ལུ་ དོགས་སེལ་འབདཝ་དང་འབྲེལ་ གཙོ་འཛིན་གྱིས་ སླབ་མིའི་ནང་ སློབ་གྲྭ་དེ་ འཕྲོ་མཐུད་དེ་ར་ བཞག་ནི་ཨིན་རུང་ ཞབས་ཏོག་དེ་ འདྲ་མཉམ་སྦེ་ སྤྱོད་ཚུགསཔ་བཟོ་ནིའི་དོན་ལུ་ སློབ་གྲྭའི་སྲིད་བྱུས་དེ་ བསྐྱར་ཞིབ་འབད་ནི་ཨིནམ་མ་ཚད་ སློབ་གྲྭ་གཞན་ཆ་མཉམ་ནང་ ཉིན་ལྟོ་སྟོང་པར་ འཐོབ་ཚུགསཔ་བཟོ་འོང་ཟེར་ཨིན་པས།
པདྨ་རྒྱ་མཚོ་གིས་འབད་བ་ཅིན་ ཚོགས་པའི་ཁས་བླངས་ཚུ་ འོང་འབབ་དང་ ཟད་འགྲོ་ཚུ་ རྩིས་རྐྱབ་སྟེ་ གསལ་བཀོད་འབད་ཡོདཔ་མ་ཚད་ གྲུབ་ཚུགས་པའི་ ཁས་བླངས་ཙང་ཙ་ཨིན་ཟེར་ཨིན་པས།
གཙོ་འཛིན་གྱིས་ ད་རིས་གསར་སྤང་རྫོང་ཁག་ནང་ སྐུལ་བསྒྲགས་འབད་ནིའི་ ལས་རིམ་ཡོདཔ་ཨིན་པའི་གནས་ཚུལ།

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *