འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ པདྨ་རྒྱ་མཚོ་ ལ་ཡ་ལུ་ སྐུལ་བསྒྲགས་འབད་དེ་ ལོག་འོང་པའི་བསྒང་།

འབྲུག་ཕུན་སུམ་ཚོགས་པ་གིས་ ཁས་བླངས་ཚུ་ལུ་ བརྟག་ཤིང་དཔྱད་དེ་ ཚོགས་རྒྱན་བཙུགས་དགོ་པའི་བསྐུལ་མ།

༉ སྤྱི་བཏང་བཙག་འཐུ་ནང་ མི་སེར་ཚུ་གིས་ གཞུང་སྐྱོང་ནིའི་དོན་ལས་ སྲིད་ཚོགས་གདམ་ཁ་རྐྱབ་པའི་སྐབས་ ཁས་བླངས་གསལ་བསྒྲགས་དེ་ འགྲུབ་ཚུགས་མི་ཚུགས་ དབྱེ་ཞིབ་འབད་དགོཔ་དེ་ ཁག་ཆེ་ཟེར་ཨིནམ་ད་ ཁས་བླངས་གསལ་བསྒྲགས་དེ་ རྒྱལ་ཁབ་ཀྱི་ འཕྲལ་ཕུགས་གཉིས་ཆ་རའི་ ཕན་གནོད་བལྟ་སྟེ་ ཚོགས་རྒྱན་བཙུགས་པ་ཅིན་ ལམ་དེ་ མི་འཛོལ་ཟེར་ སྤྱི་ཟླ་༡༠ པའི་ཚེས་༣ ལུ་ འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ པདྨ་རྒྱ་མཚོ་གིས་ མགར་ས་རྫོང་ཁག་ ལ་ཡའི་མི་སེར་ཚུ་ལུ་ བཤད་ཅི།
གཙོ་འཛིན་གྱིས་འབད་བ་ཅིན་ ཁོ་དང་ ལ་ཡའི་མི་སེར་གྱི་བར་ན་ ཕམ་དང་བུ་གཞི་བཟུམ་མའི་ འདུ་ཤེས་སྦོམ་ཡོདཔ་ལས་ ལ་ཡ་ལུ་ དཀའ་ངལ་ག་ཅི་ཡོདཔ་ཨིན་ན་ ག་བ་དྲགཔ་སྦེ་ ཁོ་གིས་ཤེས་ཟེར་ཨིནམ་ད་ ཧེ་མ་དང་ཕྱདཔ་ད་ ལ་ཡ་དེ་ མ་འདྲཝ་ཅིག་ར་ ཡར་རྒྱས་སོང་ཡོདཔ་ལས་ དེ་བ་དྲགཔ་སྦེ་ ཡར་རྒྱས་འགྱོ་དགོ་ཟེར་ བཤད་ཅི།
སྲིད་ཚོགས་༢ ལས་ གཞུང་སྐྱོང་ནིའི་གོ་སྐབས་ ག་གིས་ཐོབ་རུང་ ད་ལྟོ་ བཏོན་པའི་བསྒང་ཡོད་མི་ འཁོར་ལམ་དེ་ ས་གནས་ཀོའི་ན་ལས་ འཕྲོ་མཐུད་དེ་ར་ སེལ་ནི་གི་ ཁས་བླངས་འབདཝ་བཞིན་དུ་ གལ་སྲིད་ འབྲུག་ཕུན་སུམ་ཚོགས་པ་དེ་ བཙག་འཐུ་འགྲུབ་པ་ཅིན་ འཁོར་ལམ་སེལ་ནི་དེ་ གཙོ་རིམ་བཟུང་ནི་དང་ ས་གནས་ག་ཏེ་འབད་རུང་ འཕྲུལ་ཁང་ཆུང་ཀུ་རེ་ བཙུགས་ནིའི་དོན་ལས་ གློག་མེ་ཤུགས་ཚད་དེ་ ཡར་སེང་འབད་ནིའི་ ཁས་བླངས་ཡོད་ཟེར་ གཙོ་འཛིན་གྱིས་བཤད་ཅི།
གཙོ་འཛིན་གྱིས་འབད་བ་ཅིན་ ལ་ཡ་དེ་ རྒྱལ་ཁབ་ཀྱི་ས་མཚམས་ བདག་འཛིན་འབད་མི་ ངོ་མ་གཅིག་འབདཝ་ལས་ གཞུང་གི་ཁ་ཐུག་ལས་ མཐུན་རྐྱེན་ཚུ་ མ་བཏུབ་བཏུབ་སྦེ་ སྤྲོད་དགོཔ་ཁག་ཆེ་ཟེར་ཨིནམ་ད་ གལ་སྲིད་ ཕུན་སུམ་ཚོགས་པ་དེ་ བཙག་འཐུ་འགྲུབ་པ་ཅིན་ ལ་ཡ་ལུ་ དྲུང་མཚོ་མཁས་མཆོག་ཅིག་ གཏན་འཇགས་སྦེ་ བྱིན་ནི་གི་ མཁས་བླངས་འབད་ཡི།
ཤེས་རིག་དེ་ རྒྱལ་ཁབ་ཀྱི་ མ་འོངས་པའི་ བདོག་གཏད་ངོ་མ་ཨིནམ་ལས་ ད་ལྟོ་ཡོད་མི་ ལ་ཡ་སློབ་གྲྭ་དེ་ གཙོ་འཛིན་ཁོ་ར་ ཧེ་མ་ ལ་ཡ་ལུ་སྡོད་པའི་སྐབས་ ཁོ་གིས་སྦེ་ འགོ་བཙུགས་ཅི་ཟེར་ བཤད་པའི་ཁར་ མི་སེར་ཚུ་གིས་ འབྲུག་ཕུན་སུམ་ཚོགས་པ་ལུ་ གཞུང་སྐྱོང་ནིའི་ གོ་སྐབས་གནང་པ་ཅིན་ སློབ་གྲྭ་དེ་ སློབ་རིམ་༡༢ པ་ལུ་ ཡར་སེང་འབད་ནིའི་ ཁས་བླངས་ཡོད་ཟེར་ཨིནམ་ད་ ད་ལྟོ་ཡོད་མི་ སློབ་གྲྭ་ལྟེ་བ་ཚུ་ ལམ་ལུགས་དུམ་གྲ་ཅིག་ བསྒྱུར་བཅོས་ཐོག་ འཕྲོ་མཐུད་དེ་ར་ བཞག་ནིའི་ཨིནམ་ལས་ སློབ་གྲྭ་ལྟེ་བ་སྒོ་བསྡམ་ནི་ཟེར་མི་དེ་ མི་བདེན་ཟེར་ དོགས་སེལ་འབད་ཡི།
དམངས་གཙོའི་རིང་ལུགས་ནང་ རྒྱུད་བསྐུལ་འབད་མི་དང་ ཚོགས་རྒྱན་དགོ་ནིའི་དོན་ལུ་ རྒྱལ་ཁབ་ཀྱི་ཕུགས་ལུ་ མནོ་བསམ་མ་བཏང་པར་ འོས་འབབ་མེད་པའི་ ཁས་བླངས་གསལ་བསྒྲགས་འབད་མི་ ལེ་ཤ་འཐོན་ནི་ཨིནམ་ལས་ བརྟག་ཞིབ་འབད་གནང་ཟེར་ཨིནམ་ད་ གལ་སྲིད་ གཞུང་སྐྱོང་དེ་ ནང་གསུག་དང་ རྒྱུད་བསྐུལ་འབད་མི་ བཙག་འཐུ་གྲུབ་པ་ཅིན་ མི་ཚེ་གཅིག་ རྒྱུད་བསྐུལ་གྱི་འོག་ལུ་ སྡོད་དགོཔ་འབྱུང་ནིའི་ ཉེན་ཁ་ཡོདཔ་ལས་ མནོ་བསམ་ལེགས་ཤོམ་སྦེ་ གཏང་གནང་ཟེར་ དྲན་གསལ་འབད་ཡི།

སྤྱི་ཟླ་༡༠ པའི་ཚེས་༣ ལུ་ ལ་ཡའི་མི་སེར་ཚུ་ འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་གྱི་ སྐུལ་བསྒྲགས་འཛོམས་འདུ་ནང་ བཅའ་མར་གཏོགས་པར་འགྱོ་བའི་བསྒང་། གནས་ཚུལ་ཤོག་གྲངས་༤ པར།

ལ་ཡའི་མི་སྡེ་དེ་ འཚོ་བ་ལ་ནོར་ལུ་བརྟེན་ སྡོད་མི་འབདཝ་ལས་ གལ་སྲིད་ ཕུན་སུམ་ཚོགས་པ་གིས་ གཞུང་སྐྱོང་ནིའི་ གོ་སྐབས་འཐོབ་པ་ཅིན་ གཙང་སྦྲགས་ལྡན་པའི་ མར་དང་དར་ཚིལ་བཟོ་ནི་ དེ་ལས་ རྩྭ་བཏོག་འཕྲུལ་ཆས་ཡང་ གཞུང་ལས་རྒྱབ་སྐྱོར་འབད་ནི་ཨིནམ་མ་ཚད་ རྟ་བདག་འཛིན་འབད་ནིའི་དོན་ལས་ རྟའི་ཁྱིམ་བཟོ་སྐྲུན་གྱི་ མཁོ་ཆས་ཚུ་ བྱིན་ནི་ཟེར་ གཙོ་འཛིན་གྱིས་ ཁས་བླངས་འབད་ཡི།
རྫོང་ཁག་གཞན་གྱི་ མི་ཚུ་གིས་ རང་སོའི་ས་ཁོངས་ལས་མེན་པར་ གཞན་གྱི་ས་ཁོངས་ནང་ དབྱར་རྩྭ་དགུན་འབུབ་བསྡུ་བསྒྱོམ་འབད་དེ་ ས་མཚམས་ཁར་ སྟབས་མ་བདེཝ་ བཟོ་དོ་ཡོདཔ་ལས་ འབྲུག་ཕུན་སུམ་ཚོགས་པ་གིས་ གཞུང་སྐྱོང་ནིའི་ གོ་སྐབས་འཐོབ་པ་ཅིན་ ལ་གོང་གསུམ་གྱི་ མི་སྡེའི་དོན་ལུ་ ག་ཅི་འབད་ནིའི་ འཆར་གཞི་དང་ ཁས་བླངས་ཡོད་ཟེར་ མི་ཅིག་གིས་ དྲི་བ་བཀོད་པའི་ལན་ལུ་ པདྨ་རྒྱ་མཚོ་གིས་ དམངས་གཙོའི་རིང་ལུགས་ འགོ་མ་བཙུགས་པའི་ཧེ་མར་ གཞུང་ལུ་ དབྱར་རྩྭ་དགུན་འབུབ་ འཐུ་ཆོག་པའི་ གྲོས་འཆར་ཕུལ་མི་དེ་ར་ ཁོ་ཨིན་ཟེར་བཤད་ཅི།
དེ་བཟུམ་མའི་ དཀའ་ངལ་དེ་ ལ་གོང་གསུམ་གྱི་ མི་སེར་ག་ར་ལུ་ཡོདཔ་ལས་ ལམ་ལུགས་ཧིང་སངས་ས་བཟོ་ནིའི་ ཁས་བླངས་ཡོད་པའི་ཁར་ ལ་ནོར་བདག་འཛིན་འཐབ་ནིའི་དོན་ལས་ གཡག་གི་ཕ་སོན་ཡང་ གཞུང་ལས་རྒྱབ་སྐྱོར་འབད་འོང་ཟེར་ བཤད་ཅི།
ལ་ལོ་གིས་ འབྲུག་ཕུན་སུམ་ཚོགས་པ་ལུ་ ཉམས་མྱོང་ཅན་གྱི་ འདེམས་ངོ་མེད་ཟེར་ སླབ་མི་དེ་ མི་བདེན་ཟེར་ཨིནམ་ད་ ཚོགས་པ་ལུ་ ལོ་༡༠ དང་༥ རིང་ སྤྱི་ཚོགས་ནང་ ཕྱག་ཞུ་མི་ ཉམས་མྱོང་ཅན་གྱི་ འདེམས་ངོ་ལེ་ཤ་ཡོདཔ་བཞིན་དུ་ མི་སེར་ཚུ་གིས་ ས་གནས་ཀྱི་འདེམས་ངོ་ གདམ་ཁ་རྐྱབ་ད་ ལྕོགས་གྲུབ་ཡོད་མེད་དང་ མི་སེར་ཚུ་ལུ་ ཉམ་ཆུང་གི་སྒོ་ལས་ ཕྱག་ཞུ་ཚུགས་མི་ཚུགས་ དེ་ལས་ འབད་བཞག་བཅའ་བཞག་ཚུ་ཡང་བལྟ་དགོཔ་ ཁག་ཆེ་ཟེར་ གཙོ་འཛིན་གྱིས་ དྲན་གསལ་འབད་ཡི།
ལ་ཡ་ལས་ འགོ་ཐོག་བཙག་འཐུ་ནང་ ཚོགས་རྒྱན་ལེ་ཤ་ མ་ཐོབ་སྟེ་འབད་རུང་ ཚོགས་རྒྱན་གྱི་རྒྱབ་སྐྱོར་ ཕུད་རྡོག་གཅིག་བཙུགས་མི་དེ་ཡང་ འབྲུག་ཕུན་སུམ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་བའི་རྟགས་ཨིནམ་ལས་ བཀའ་དྲིན་དགའ་ཚོར་ཡོད་ཟེར་ གཙོ་འཛིན་གྱིས་ བཤད་པའི་ཁར་ མགར་ས་རྫོང་ཁག་དེ་ རང་བཞིན་གྱི་ ཚོད་བསྲེ་འཐོན་སའི་ ས་གནས་ཅིག་སྦེ་ ངོས་འཛིན་འབད་དེ་ཡོདཔ་ལས་ སོ་ནམ་དང་འབྲེལ་བའི་ མཐུན་རྐྱེན་བྱིན་ནིའི་ ཁས་བླངས་ཡོད་ཟེར་བཤད་ཅི།
འབྲུག་མཉམ་རུབ་ཚོགས་པའི་ ཁ་སྟོད་-ལ་ཡའི་འདེམས་ངོ་ བསྟན་འཛིན་གྱིས་ འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ པདྨ་རྒྱ་མཚོའི་ སྐུལ་བསྒྲགས་འཛོམས་འདུ་ཅིག་ནང་ བཅའ་མར་གཏོགས་ཡོདཔ་མ་ཚད་ ཤུལ་ལས་ བཙག་འཐུའི་ལྟ་རྟོག་པ་གིས་ འཛོམས་འདུ་ནང་ བཅའ་མར་གཏོགས་མ་ཆོག་པའི་སྐོར་ལས་སླབ་རུང་ གཙོ་འཛིན་ག་ཏེ་འགྱོ་སར་ གཟུགས་དང་གྱིབ་མ་བཟུམ་སྦེ་ རྟིང་བདའ་སྟེ་འོང་ཡོད་པའི་གནས་ཚུལ།

ལ་ཡ་ལས་ གནས་བརྟན་རྡོ་རྗེ།

 

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *