༉ འབྲུག་ཕུན་སུམ་ཚོགས་པ་གིས་ སྤྱིར་བཏང་བཙག་འཐུ་ནང་ དོ་འགྲན་འབད་ནིའི་དོན་ལས་ འདེམས་ངོ་༤༧ གཏན་འཁེལ་བཟོ་བའི་ཤུལ་ལས་ སྤྱི་ཟླ་༩ པའི་ཚེས་༢༢ ལུ་ རྒྱལ་ས་ལྟེ་བ་ ཐིམ་ཕུག་ལུ་ ཚོང་པའི་འཐུས་མི་ཚུ་དང་ ཞལ་འཛོམས་འཚོགས་ཐོག་ལས་ སྐུལ་བསྒྲགས་འགོ་བཙུགས་ནུག།
དེ་གི་ཤུལ་ལས་ ཚོགས་པའི་གཙོ་འཛིན་ པདྨ་རྒྱ་མཚོ་གིས་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་གི་ མ་ཆེན་ལྷ་ཁང་ནང་ལས་ སྐྱབས་དང་མགོན་ཞུ་ཞིནམ་ལས་ སྐུལ་བསྒྲགས་འབད་བར་ དར་དཀར་ནང་རྫོང་ཁ་ནང་ སོང་ཡོདཔ་ད་ ད་རེས་ རྩི་རང་ལུ་ འགྱོ་ནི་ཨིན་པས།
པདྨ་རྒྱ་མཚོ་གིས་ རྩི་རང་དང་ དར་དཀར་ནང་ གསར་སྤང་རྫོང་ཁག་གསུམ་ནང་ ཚོགས་པ་ལུ་ རྒྱབ་སྐྱོར་སྐྱོ་དྲགས་ཡོད་ཟེར་ བཤད་པའི་ཁར་ རྫོང་ཁག་དེ་ཚུ་ནང་ འདེམས་ཁྲི་ཐོབ་མ་ཚུགས་མི་དེ་ཡང་ འགོ་ཐོག་བཙག་འཐུ་ འགོ་འདྲེན་མ་འཐབ་པའི་ཧེ་མར་ ཁོ་གིས་ རྫོང་ཁག་དེ་ཚུ་ནང་ མི་སེར་ཚུ་དང་ ཕྱད་མ་ཚུགས་ནི་དེ་གིས་ ཨིནམ་འོང་ནི་མས་ཟེར་ བཤདཔ་ཨིན་པས།
སྤྱིར་བཏང་བཙག་འཐུའི་སྐབས་ རྒྱབ་སྐྱོར་འཐོབ་ནི་གི་ འོས་འབབ་ཡོད་ཟེར་ གཙོ་འཛིན་གྱིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ལྷོ་མཚམས་ལས་ ཚོགས་པའི་འགོ་འདྲེན་པ་དང་ རྒྱབ་སྐྱོར་པ་ཚུ་གིས་ རྫོང་ཁག་དེ་ཚུ་ནང་ སྐུལ་བསྒྲགས་འབད་བར་ འོང་དགོཔ་སྦེ་ ཞུ་བ་འབད་མི་དང་འཁྲིལ་ ད་རེས་ ནཱ་ལུ་ གཙོ་རིམ་བཟུང་དོ་ཟེར་ཨིན་པས།
གཙོ་འཛིན་གྱིས་ རྩི་རང་ལུ་ ཉིནམ་༡ གི་རིང་ སྐུལ་བསྒྲགས་འབད་བའི་ཤུལ་ལས་ ནངས་པ་ཕྱི་རུ་ཁམས་ཅིག་ཁར་ གསར་སྤང་རྫོང་ཁག་ནང་ ཉིནམ་༢ སྡོད་ནི་ཨིནམ་ད་ སྤྱི་ཟླ་༩ པའི་ཚེས་༣༠ ལུ་ མགར་ས་རྫོང་ཁག་ ལ་ཡ་ལུ་ རྐང་སྟོང་སྦེ་ ལམ་འགྲུལ་འབད་ནི་ཨིན་པས།
དར་དཀར་ནང་ལུ་འགྱོ་བའི་ལམ་ཁར་ གཙོ་འཛིན་གྱིས་ སཱུན་ཀོཤ་གི་ མི་སེར་ཚུ་དང་ ཕྱད་ཡོདཔ་ད་ དེ་བསྒང་ འབྲུག་ཕུན་སུམ་ཚོགས་པ་གིས་ གལ་སྲིད་ གཞུང་སྐྱོང་ནིའི་ གོ་སྐབས་འཐོབ་པ་ཅིན་ སཱུན་ཀོཤ་གློག་མེ་ལས་འགུལ་ འགོ་བཙུགས་འོང་ཟེར་ ཁས་བླངས་འབད་ཡོདཔ་ད་ དེ་ཡང་ ཁོང་གི་ཁས་བླངས་གསལ་བསྒྲགས་ནང་ གློག་མེ་ལས་འགུལ་ཉུང་ཤོས་ར་༣ འགོ་བཙུགས་ཏེ་ རྒྱལ་ཁབ་ཀྱི་ གློག་མེའི་ཐོན་སྐྱེད་ ཡར་སེང་འབད་ཐབས་ལུ་ གསལ་བཀོད་འབད་མི་དང་འཁྲིལ་ཨིན་པས།
ཕུན་སུམ་ཚོགས་པ་གིས་འབད་བ་ཅིན་ ཚོགས་པ་ལུ་ གཞུང་སྐྱོང་ནི་གི་ ཉམས་མྱོང་ཡོད་མི་དེ་ཡང་ འདེམས་ངོ་༣ གྱིས་ སྤྱི་ལོ་༢༠༠༨ ལས་༢༠༡༣ ཚུན་ བློན་པོ་སྦེ་ ཕྱག་ཞུ་ཡོདཔ་མ་ཚད་ གནས་ཡུན་གཉིས་ཀྱི་རིང་ སྤྱི་ཚོགས་ཀྱི་ འཐུས་མི་སྦེ་ ཕྱག་ཞུ་མི་ འདེམས་ངོ་༤ དང་ གནས་ཡུན་༡ ཕྱག་ཞུ་མི་ འདེམས་ངོ་༩ ཡོད་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པ་དེ་ འགོ་ཐོག་བཙག་འཐུ་ནང་ལས་ མཐར་འཁྱོལ་བྱུང་པའི་ཤུལ་ལུ་ ལྕོགས་གྲུབ་ཅན་གྱི་ འདེམས་ངོ་ཚུ་ ཚབ་བཙུགས་འབད་ནི་མས་ཟེར་བའི་ འཐོར་གཏམ་ཡོད་མིའི་ དོགས་སེལ་ལུ་ ཚོགས་པ་ལས་ གནས་ཚུལ་གསར་བཏོན་འབད་མིའི་ནང་ འདེམས་ངོ་ཚབ་བཙུགས་ནི་དེ་ ཚོགས་པའི་ལྟ་བ་དང་ གཞི་རྩ་ལས་འགལཝ་ཨིན་ཟེར་ བཀོད་ནུག།
ཚོགས་པ་དེ་ འདེམས་ཁོངས་དག་པ་ཅིག་ནང་ ཚོགས་རྒྱན་ཉུང་སུ་གཅིག་ལས་བརྒལ་ མ་ཐོབ་སྟེ་འབད་རུང་ ཚོགས་པའི་འདེམས་ངོ་ག་ར་ ལྕོགས་གྲུབ་ཅན་དང་ རྩ་བ་གསུམ་ལུ་ དད་དམ་ལྷན་མེད་ཀྱི་སྒོ་ལས་ ཕྱག་ཞུ་ཆོག་ཆོ་ཡོད་ཟེར་ཨིན་པས།
སྤྱི་ཟླ་༩ པའི་ཚེས་༡༥ ལུ་ འགོ་ཐོག་བཙག་འཐུ་ནང་ འབྲུག་ཕུན་སུམ་ཚོགས་པ་གིས་ ཚོགས་རྒྱན་༩༠,༠༢༠ ཐོབ་སྟེ་ ཨང་གཉིས་པ་ ཐོན་ཡོདཔ་ད་ ཚོགས་པ་གིས་འབད་བ་ཅིན་ བཙག་འཐུ་ནང་ གྲུབ་འབྲས་ལེགས་ཐོན་བྱུང་མི་དེ་ རྩ་བ་གསུམ་ལུ་ གཞུང་སྐྱོང་དང་ ལྡོག་ཕྱོགས་སྦེ་ ཕྱག་ཞུ་བའི་ གནས་ཐོ་ལེགས་ཤོམ་ཡོད་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
ཚོགས་པ་གིས་ རྒྱལ་ཁབ་ཀྱི་ རང་བཙན་དང་ སྲུང་སྐྱོབ་ རང་མགོ་རང་འདྲོངས་བཟོ་ནི་དེ་ ཁས་བླངས་གསལ་བསྒྲགས་ནང་ གཙོ་རིམ་ཅན་སྦེ་ ཚུད་དེ་ཡོད་པའི་གནས་ཚུལ།
Check Also
ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།
༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …