༉ ཤུལ་མའི་ཟླཝ་ནང་ རྒྱལ་ཡོངས་ཚོགས་འདུའི་ སྤྱིར་བཏང་བཙག་འཐུ་ནང་ དོ་འགྲན་འབད་ནིའི་དོན་ལས་ འབྲུག་ཕུན་སུམ་ཚོགས་པ་གིས་ འདེམས་ངོ་ཚུ་ མ་སོར་བར་ རང་འཇགས་བཞག་ནི་གི་ འཆར་གཞི་ཡོདཔ་ཨིན་པས།
ཚོགས་པའི་མགྲིན་ཚབ་ རྡོ་རྗེ་དབང་འདུས་ཀྱིས་ ཀུན་གསལ་ལུ་ བཤད་མིའི་ནང་ འདེམས་ཁོངས་༤༧ གྱི་ འདེམས་ངོ་ག་ར་ལུ་ རང་སོའི་ངོས་ལེན་འགོ་དཔོན་ཚུ་ལུ་ གདམ་འཐུའི་ཐོ་བཀོད་ཚུ་ འབད་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས།
འདེམས་ངོ་ག་ར་ གདམ་འཐུ་ཐོ་བཀོད་འབད་དེ་ རང་སོའི་འདེམས་ཁོངས་ཚུ་ནང་ སྡོད་དགོཔ་སྦེ་ སླབ་སྟེ་ཡོདཔ་བཞིན་དུ་ འབྲུག་ཕུན་སུམ་ཚོགས་པ་གིས་ མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་ཚུ་ ཚོགས་པའི་ནང་ འཛུལ་ཞུགས་འབད་བཅུག་ནི་ཨིན་པའི་ འཐོར་གཏམ་བྱུང་ནུག་ཟེར་ གཙོ་འཛིན་འོགམ་ རྡོ་རྗེ་དབང་འདུས་ཀྱིས་ བཤད་ཅི།
སྤྱི་ཟླ་༡༠ པའི་ཚེས་༡༨ ལུ་ འབྲུག་ཕུན་སུམ་ཚོགས་པ་གིས་ སྤྱིར་བཏང་བཙག་འཐུ་ནང་ གྲུབ་འབྲས་ལེགས་ཤོམ་འཐོབ་ནིའི་དོན་ལུ་ ཐབས་བྱུས་ཚུ་ བཏོན་པའི་བསྒང་ཡོད་རུང་ འདེམས་ངོ་ཚུ་ ཚབ་བཙུགས་ནིའི་ འཆར་གཞི་མེདཔ་ཨིན་པས།
འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ སྲིད་ཚོགས་༢ ཀྱི་ འདེམས་ངོ་ཚུ་ གདམ་འཐུ་འབད་ནི་དེ་ སྤྱི་ཟླ་༩ པའི་ཚེས་༡༦ ལས་༢༡ ཚུན་ ཞག་དུས་བྱིན་ཡོདཔ་ད་ མི་མང་རྩོད་འགྲན་དེ་ སྤྱི་ཟླ་༩ པའི་ཚེས་༢༥ ལས་ འགོ་བཙུགས་ནི་ཨིན་པས།
འགོ་ཐོག་བཙག་འཐུ་སྐབས་ འབྲུག་ཕུན་སུམ་ཚོགས་པ་གིས་ ཚོགས་རྒྱན་བསྡོམས་༩༠,༠༢༠ འབདཝ་ད་ བརྒྱ་ཆ་ལས་འབད་བ་ཅིན་ བརྒྱ་ཆ་༣༠.༩ ཐོབ་སྟེ་ སྲིད་དོན་ཚོགས་པ་ཚུ་གི་གྲས་ལས་ ཨང་༢ པ་ཐོན་ཡོདཔ་ད་ ཚོགས་པ་གིས་ འཕྲུལ་ཆས་ཚོགས་རྒྱན་༥༣,༡༠༨ དང་ འགྲེམ་ཐོག་ཚོགས་རྒྱན་༣༦,༩༡༢ ཐོབ་ནུག།
སྤྱི་ལོ་༢༠༡༣ གྱི་ འགོ་ཐོག་བཙག་འཐུ་སྐབས་ འབྲུག་ཕུན་སུམ་ཚོགས་པ་གིས་ ཚོགས་རྒྱན་བརྒྱ་ཆ་༤༤.༥༢ ཐོབ་སྟེ་ སྲིད་ཚོགས་ཚུ་ལས་ ཨང་དང་པ་ ཐོན་ཡོདཔ་ད་ འདས་པའི་སྤྱིར་བཏང་བཙག་འཐུ་དང་འཁྲིལཝ་ད་ ཚོགས་པ་གིས་ ཚོགས་རྒྱན་ཐོབ་མི་ བརྒྱ་ཆ་༤༥.༡༢ འབདཝ་ད་ དུམ་གྲ་ཅིག་ ཡར་སེང་སོང་ནུག།
ཨིན་རུང་ སྤྱི་ལོ་༢༠༡༣ ལུ་ འཕྲུལ་ཆས་ལས་ ཚོགས་རྒྱན་དེ་ཅིག་ར་ ཐོབ་མ་ཚུགས་རུང་ དུས་ཅི་ འགོ་ཐོག་བཙག་འཐུ་ནང་ འགྲེམ་ཐོག་ཚོགས་རྒྱན་དེ་ ལོག་ལྟབ་ཡར་སེང་སོང་མི་དེ་ཡང་ ཁྲོམ་ནང་སྡོད་མི་ ལེ་ཤ་ཅིག་ལུ་ ཚོགས་རྒྱན་བཙུགས་ནི་གི་ གོ་སྐབས་བྱིན་ནི་དེ་གིས་ཨིན་པས།
སྤྱི་ལོ་༢༠༡༣ གྱི་ འགོ་ཐོག་བཙག་འཐུ་སྐབས་ ཚོགས་པ་དེ་གིས་ འཕྲུལ་ཆས་ལས་ ཚོགས་རྒྱན་༧༧,༦༧༩ དང་ འགྲེམ་ཐོག་ཚོགས་རྒྱན་བརྩིས་ཏེ་ ཚོགས་རྒྱན་༩༣,༩༤༩ ཐོབ་ཡོདཔ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པ་གིས་ འདེམས་ཁོངས་སོ་སོའི་ འདེམས་ངོ་སྦེ་ གདམ་འཐུ་འབད་མིའི་གྲས་ཁར་ ན་གཞོན་དང་ ཉམས་མྱོང་ཅན་ཚུ་ཡོད་མི་དེ་ཡང་ སྐྱེས་ལོ་༢༥ ལས་༣༠ བར་ན་འབད་མི་ འདེམས་ངོ་༥ དང་ སྐྱེས་ལོ་༣༡ ལས་༤༠ གི་བར་ན་འབད་མི་ འདེམས་ངོ་༡༤ ཡོདཔ་ཨིན་པས།
དེ་ལས་ འདེམས་ངོ་༡༨ དེ་ སྐྱེས་ལོ་༤༡ དང་༥༠ འི་བར་ན་འབད་མི་ཚུ་ཨིནམ་ད་ སྐྱེས་ལོ་༥༡ ལས་༦༠ ནང་འབད་མི་༡༠ ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཚོགས་པའི་ནང་ འདེམས་ངོ་ཨམ་སྲུ་༥ ཡོད་མིའི་གྲས་ལས་༡ འབྲུག་སྤྱིར་དབང་ཚོགས་པའི་གཙོ་འཛིན་བགྲེསཔ་ ལི་ལི་དབང་ཕྱུག་ཨིནམ་ད་ ཚོགས་པའི་གཙོ་འཛིན་བརྩིས་ཏེ་ འདེམས་ངོ་༤ ལུ་ མཁས་དབང་གི་ ཤེས་ཚད་དང་ འདེམས་ངོ་༡༦ ལུ་ མཐོ་རིམ་གོང་མའི་ཤེས་ཚད་ དེ་ལས་ འདེམས་ངོ་༢༧ ལུ་ མཐོ་རིམ་ཤེས་ཚད་འཆང་མི་ཚུ་ཡོདཔ་ཨིན་པས།
ཚོགས་པ་གིས་ བཀྲིས་སྒང་བར་མཚམས་-གཤོང་ཕུག་གི་འཐུས་མི་བགྲེསཔ་ དབང་འདུས་ནོར་བུ་དང་ རང་ལྡི་-སག་སྟེང་གི་འཐུས་མི་བགྲེསཔ་ འཇིགས་མེད་དབང་ཕྱུག་ པདྨ་དགའ་ཚལ་ན་ནོང་-ཤུལ་མར་འདེམས་ཁོངས་ཀྱི་ འཐུས་མི་བགྲེསཔ་ བདེ་ཆེན་བཟང་མོ་ཚུ་ སོར་ཡོདཔ་མ་གཏོགས་ ལྡོག་ཕྱོགས་ཀྱི་ འཐུས་མི་བགྲེསཔ་༡༤ རང་འཇགས་སྦེ་བཞག་ནུག།
ཚོགས་པའི་འདེམས་ངོ་༡༥ དེ་ ཧེ་མའི་འདེམས་ངོ་ཚུ་ཨིནམ་ལས་ འདེམས་ངོ་༦ གིས་ སྤྱི་ཚོགས་ནང་ ཐེངས་༣ ཕྱག་ཞུ་ཡོདཔ་ད་ བུམ་ཐང་ཆོས་འཁོར་-སྟང་འདེམས་ཁོངས་ཀྱི་འདེམས་ངོ་ པདྨ་རྒྱ་མཚོ་དང་ པཱན་སྦང་གི་འདེམས་ངོ་ རྡོ་རྗེ་དབང་འདུས་ བསམ་རྩེ་རྡོ་ཕུག་ཅན་-རྟ་སྡིངས་འདེམས་ཁོངས་ཀྱི་འདེམས་ངོ་ ཋ་ཀུར་སིང་པའུ་ཌེལ་ཚུ་ བློན་པོ་བགྲེསཔ་ཨིན་པས།
ཚོགས་པ་གིས་འབད་བ་ཅིན་ བཙག་འཐུ་ནང་ ཡང་བསྐྱར་དུ་ བཙག་འཐུ་གྲུབ་མི་དེ་ གཞུང་སྐྱོང་དང་ ལྡོག་ཕྱོགས་སྡོད་པའི་སྐབས་ རྩ་བ་གསུམ་ལུ་ ཕྱག་ལེགས་ཤོམ་སྦེ་ ཞུ་ཡོད་པའི་ རྟགས་མཚན་ཅིག་ཨིནམ་བཞིན་དུ་ ཡུན་རིང་དྲང་མཉམ་དང་ ཡུན་བརྟན་སྲིད་བྱུས་ འཆར་གཞི་དང་ མི་མང་ཚུ་ལས་ རྒྱབ་སྐྱོར་ལེགས་ཤོམ་ གནང་ནི་གི་ རེ་བ་བསྐྱེད་དོ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༠༨ ལུ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་འགོ་དང་པ་ འགོ་འདྲེན་འཐབ་པའི་སྐབས་ འདེམས་ཁོངས་༤༧ ཡོད་མི་ལས་ འབྲུག་ཕུན་སུམ་ཚོགས་པ་གིས་ འདེམས་ཁོངས་༤༥ ནང་ལས་ རྒྱལ་ཁ་ཐོབ་ཡོདཔ་ད་ སྤྱི་ལོ་༢༠༡༣ ལུ་ ཚོགས་པའི་ནང་ ཐོ་བཀོད་ཅན་གྱི་ འཐུས་མི་༧༩༩ ཡོདཔ་ཨིན་པས།
ཨིན་རུང་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་མཇུག་བསྡུ་བའི་ཤུལ་ལས་ ཚོགས་པའི་ཐོ་བཀོད་ཅན་གྱི་འཐུས་མི་༨༠ ལུ་ མར་བབས་སོང་ཡོདཔ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པ་གིས་ རྒྱལ་ཁབ་ཀྱི་ རང་དབང་སྲུང་སྐྱོབ་ རྩ་བརྟན་བཟོ་ནི་དང་ བཟའ་སྤྱོད་རང་ལྡང་བཟོ་ནི་ལུ་ གཙོ་རིམ་བཟུང་སྟེ་ཡོད་རུང་ རྒེད་འོག་ཚུ་ནང་ སྣུམ་འཁོར་བོ་ལི་རོ་དང་ སོ་ནམ་ཚོང་ཁང་ གཞི་བཙུགས་འབད་མི་ཚུ་ལུ་ རྒྱབ་འགལ་འབད་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།