༉ ཁ་ཙ་ འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ པདྨ་རྒྱ་མཚོ་གིས་ གཞལམ་སྒང་རྫོང་ཁག་གི་ མི་ཚུ་དང་གཅིག་ཁར་ སྐུལ་བསྒྲགས་འབད་བའི་སྐབས་ ཚོགས་པ་གིས་ མི་སེར་གྱི་དོན་ལུ་ སྤྱི་གཡོགཔ་བཙག་འཐུ་འབད་བར་ འོང་ཡི་ཟེར་བཤད་ཅི།
དེ་ཡང་ གཙོ་འཛིན་གྱིས་འབད་བ་ཅིན་ མི་སེར་གྱི་དོན་ལུ་ ངོ་ཚབ་དེ་ མི་སེར་ཚུ་གིས་ འབྲེལ་བ་འཐབ་པའི་སྐབས་ ཉན་མི་དགོཔ་ལས་ མི་སེར་ཚུ་གིས་འབད་རུང་ ཚོགས་པའི་ངོ་ཚབ་ཚུ་ ག་བཟུམ་འདུག་ག་བལྟ་སྟེ་ ཚོགས་རྒྱན་བཙུགས་དགོ་ཟེར་སླབ་ཅི།
གཙོ་འཛིན་དང་ སྡེ་ཚན་གྱིས་ སྤྱི་ཟླ་༩ པའི་ཚེས་༨ ཀྱི་ ཕྱི་རུའི་ཆུ་ཚོད་༦ འབྱིད་པའི་ཤུལ་ལས་རྐྱངམ་གཅིག་ གཞལམ་སྒང་ལུ་ལྷོད་ཚུགས་ནི་དེ་གིས་ བཙག་འཐུ་ལྷན་ཚོགས་ཀྱི་སྒྲིག་གཞི་དང་འཁྲིལ་ ཞལ་འཛོམས་འཚོགས་མ་ཚུགསཔ་ལས་ ཁ་ཙ་དྲོ་པའི་ཆུ་ཚོད་ཕྱེད་དང་༨ དེ་ཅིག་ཁར་ ཁྲོམ་གྱི་དོན་ལུ་འཚོགས་ཡི།
དེ་བསྒང་ གཙོ་འཛིན་གྱིས་ རྒྱལ་ཁབ་ཀྱི་ མ་འོངས་པའི་མཐའ་དོན་དང་ཡུན་བརྟན་ དེ་ལས་ མ་འོངས་བུ་བརྒྱུད་ཀྱི་མཐའ་དོན་ལུ་བལྟ་སྟེ་ ཚོགས་རྒྱན་བཙུགས་ནི་དེ་ གལ་ཆེ་ཟེར་སླབ་ཅི།
བདེན་རྫུན་ག་དེ་སྦེ་ཡོདཔ་ཨིན་ན་ མ་ཤེས་རུང་ ཚོགས་པའི་འཐུས་མི་ལ་ལོ་གིས་ ནང་གསུག་དང་ ཏི་རུ་བྱིན་པའི་སྐོར་ལས་ ལོ་རྒྱུས་ཚུ་གོ་དོ་ཡོདཔ་ལས་ དེ་བཟུམ་མའི་ཚོགས་པ་ལུ་ གཞུང་སྐྱོང་ནིའི་ གོ་སྐབས་བྱིན་པ་ཅིན་ མི་སེར་ཚུ་ལུ་ འདྲ་མཉམ་མེད་པའི་ཁར་ གཞུང་གིས་ ཏི་རུ་བྱིན་མི་ཚུ་གི་མཐའ་དོན་ལུ་ ལཱ་འབད་སྡོད་དགོཔ་ཐོན་འོང་ཟེར་བཤད་ཅི།
རྒྱལ་ཁབ་ནང་ ཏི་རུ་འབོར་ཆེ་ཏོག་ཏོ་སྦེ་ བྱིན་ཚུགས་པའི་ཚོགས་པ་ རེ་གཉིས་ལས་མེད་ཟེར་ གཙོ་འཛིན་གྱིས་བཤད་པའི་ཁར་ དེ་བཟུམ་འབད་མི་འཐོན་པ་ཅིན་ ན་འཐན་དབྱེ་དཔྱད་འབད་དགོ་ཟེར་ གཙོ་འཛིན་གྱིས་བཤད་ཅི།
དེ་མ་ཚད་ གཙོ་འཛིན་གྱིས་ ཚོགས་པ་ལ་ལོ་གིས་ འོས་འབབ་མེད་པའི་ཁས་བླངས་འབད་མི་ཡང་ཡོདཔ་ལས་ དེ་ཚུ་ཡང་ རང་གིས་བརྟག་དཔྱད་འབད་དེ་ ཏི་རུ་ག་ཏེ་ལས་ བཏོནམ་ཨིན་ན་ཤེས་དགོ་ཟེར་ཨིནམ་ད་ ཚོགས་པ་ག་འོང་རུང་ ཏི་རུའི་འཐོན་ས་དེ་ ས་ཁོངས་གཅིག་ཨིན་ཟེར་ཨིན་པས།
ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ཡང་ ཌོག་ཊར་མ་ལང་པའི་དཀའ་ངལ་ཡོད་རུང་ ཚོགས་པ་ལ་ལོ་གིས་ རྒེད་འོག་དང་ སྤྱི་འོག་གི་གནས་ཚད་ལས་ཕར་ ཌོག་ཊར་ཚུ་གཏང་ནི་ཟེར་བའི་ ཁས་བླངས་འབད་མི་ཚུ་ཡང་ འོས་འབབ་མེད་ཟེར་ཨིན་པའི་ཁར་ དུས་རྒྱུན་དུ་ མི་ཚུ་ན་སྟེ་ར་སྡོད་པ་ཅིན་མ་གཏོགས་ དེ་མིན་ ཌོག་ཊར་དེ་སྦེ་ དགོཔ་ཡང་མེད་ཟེར་བཤད་ཅི།
དེ་གི་ནང་ལས་ ཌོག་ཊར་ཚུ་ སྦྱོང་བརྡར་འབད་ནིའི་དོན་ལུ་ ཉུང་ཤོས་ལོ་༥ དེ་རེ་ འགོར་དོ་ཡོདཔ་ལས་ ཁས་བླངས་ཚུ་ འགྲུབ་མི་ཚུགས་ཟེར་ གཙོ་འཛིན་གྱིས་ མི་སེར་ཚུ་ལུ་བཤད་ཅི།
དེ་ལས་ མི་སེར་ཚུ་ལུ་ སྲིད་དོན་ཚོགས་པ་ཚུ་ལུ་ འདྲོག་བྱེལ་འཐབ་སྟེ་ ཚོགས་རྒྱན་བཙུགས་པ་ཅིན་ ལོ་༥ གི་རིང་ འདྲོག་སྟེ་ར་སྡོད་དགོཔ་འཐོན་འོང་ཟེར་ དྲན་བསྐུལ་འབད་ཡི།
ཚོགས་པ་གིས་ སྤྱི་ལོ་༢༠༢༠ ལས་ རང་མགོ་རང་འདྲོངས་བཟོ་ནིའི་ དམིགས་གཏད་ཡོད་མི་དེ་ འཕྲོ་མཐུད་འབད་མ་ཚུགས་པའི་ཁར་ འདས་པའི་ལོ་ཚུ་ནང་ གློག་མེ་འཕྲུལ་ཁང་ཚུ་རྐྱབ་པའི་བསྒང་ཡོད་མི་ཚུ་ མཇུག་བསྡུ་མ་ཚུགས་པར་ཡོད་པའི་ཁར་ གསརཔ་གཅིག་ཡང་ འགོ་བཙུགས་མ་ཚུགསཔ་ལས་ དམིགས་གཏད་དེ་ སྤྱི་ལོ་༢༠༢༧ ལུ་ ཕར་འཕུལ་རྐྱབ་སྟེ་ཡོད་ཟེར་བཤད་ཅི།
ཚོགས་པ་གིས་ ཉུང་ཤོས་ལས་འགུལ་སྦོམ་༣ དེ་ཅིག་ གཞི་བཙུགས་འབད་ནིའི་ དམིགས་གཏད་ཡོད་པའི་སྐོར་ལས་ ཁས་བླངས་འབད་ཡི།
ཁ་ཙ་ གཞལམ་སྒང་ལས་ བུ་ལི་ལུ་འགྱོ་བའི་ལམ་ཁར་ དྭགས་འཕེལ་དང་ དཀྱི་མཁར་ དེ་ལས་ རྟ་ལི་གི་ མི་ཚུ་དང་གཅིག་ཁར་ཕྱད་པའི་ཁར་ འཐུང་ཆུ་དང་ཞིང་ཚུ་ དེ་ལས་ རི་དྭགས་སེམས་ཅན་གྱིས་ གནོདཔ་བཀལ་བའི་དཀའ་ངལ་ཚུ་ སེལ་ཐབས་འབད་ནིའི་སྐོར་ལས་ ཚོགས་པའི་བར་རྡོ་ཀྲོང་གི་འདེམས་ངོ་ མགོན་པོ་ཚེ་རིང་གིས་ ཁས་བླངས་འབད་ཡི།
གཙོ་འཛིན་གྱིས་ རྒྱལ་ཁབ་ནང་ བུ་ལོན་ཡོད་པའི་སྐོར་ལས་ མི་སེར་ཚུ་ལུ་ ཚ་གྱང་ལང་ཡོད་མི་ལུ་ ཚ་གྱང་ལང་དགོ་མེད་ཟེར་བཤད་ཡོདཔ་ད་ ཕྱི་རྒྱལ་ཁབ་ཀྱི་ གོང་འཕེལ་སྦོམ་འགྱོ་མི་ རྒྱལ་ཁབ་ཚུ་ནང་ཡང་ བུ་ལོན་འོང་ཟེར་བཤད་ཡོད་རུང་ རང་མགོ་རང་འདྲོངས་བཟོ་ནི་དེ་ གལ་ཆེ་ཟེར་བཤད་ཅི།
གཙོ་འཛིན་གྱིས་ ཚོགས་པའི་འདེམས་ངོ་ཚུ་ཡང་ ངོ་སྤྲོད་འབད་ཡོདཔ་ད་ ཚོགས་པ་གིས་ སྤྱི་ལོ་༢༠༠༨ ལུ་ གོང་འཕེལ་གྱི་ལཱ་ཚུ་ ཡུན་བརྟན་དོན་ལུ་ འཁོར་ལམ་ཚུ་ལུ་ གཙོ་རིམ་བཟུང་ཡོད་པའི་སྐོར་ལས་ བཤད་ཡོདཔ་ད་ འདས་པའི་གཞུང་གི་སྐབས་ བརྒྱུད་འཕྲིན་དོན་ལུ་ རྩིས་ཤོག་བོའུ་ཅར་བཙུགས་པའི་སྐབས་ ཁྲལ་བཏོགས་མི་དེ་ ཞབས་ཏོག་བྱིན་མི་གིས་ཡང་ ཁྲལ་བཏབ་དོ་ཡོདཔ་ལས་ ཁྲལ་གཉིས་བརྩེགས་སྦེ་ བཏབ་དོ་ཟེར་བཤད་ཅི།
གཞལམ་སྒང་ལུ་ ད་ཚུན་ ལས་འགུལ་སྦོམ་གསརཔ་ཅིག་ཡང་ འགོ་བཙུགས་ཏེ་མེད་རུང་ ཞལ་འཛོམས་ཁང་བཙུགས་པ་ཅིན་ ནང་འཁོད་དང་ ཕྱིའི་ཞལ་འཛོམས་ཚུ་ཡང་ འགོ་འདྲེན་འཐབ་སྟེ་ ས་གནས་ནང་གི་མི་ཚུ་ལུ་ ཕན་ཐོགས་འབྱུང་ཚུགས་ནི་མས་ཟེར་བཤད་ཅི།
གཞལམ་སྒང་གི་ ན་གཞོན་ཚུ་གིས་ བཟོ་རིགས་༡༣ ལུ་ ཤུགས་བཏོན་པ་ཅིན་ ན་གཞོན་ཚུ་གིས་ ལག་རྩལ་དང་ལཱ་གཡོག་ཚུ་ཕྱིའི་རྒྱལ་ཁབ་ བོད་དང་ ཨ་རུ་ན་ཅཱལ་པར་དེཤ་ སི་ཀིམ་ ནེ་པཱལ་ དེ་ལས་ ལ་དྭགས་ཚུ་ནང་ལས་ཕར་ཡང་ ལཱ་འབད་ནིའི་ གོ་སྐབས་འདུག་ཟེར་བཤད་ཅི།
གཙོ་འཛིན་དང་ སྡེ་ཚན་གྱིས་ ཁ་ཙ་ཉིནམ་གཅིག་ནང་ ཞལ་འཛོམས་ཁག་༧ འགོ་འདྲེན་འཐབ་ཡོདཔ་ད་ ད་རིས་ དགེ་ལེགས་ཕུག་ལུ་འགྱོ་ཞིནམ་ལས་ གསར་སྤང་རྫོང་ཁག་ནང་ལས་ སྐུལ་བསྒྲགས་མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།
གཞལམ་སྒང་ལས་ བཀྲིས་བསྟན་འཛིན།