བདེ་བ་ཐང་-སྒོམ་དར་འདེམས་ཁོངས་ཀྱི་ འདེམས་ངོ་ཨོ་རྒྱན་རྡོ་རྗེ།

འབྲུག་ཕུན་སུམ་ཚོགས་པ་གིས་ འདེམས་ཁོངས་༢ ཀྱི་ འདེམས་ངོ་ཚུ་ ངོ་སྤྲོད་འབད་ཡོདཔ།

༉ སྤྱི་ཟླ་༦ པའི་ཚེས་༢ ལུ་ འབྲུག་ཕུན་སུམ་ཚོགས་པ་གིས་ སྤྱི་ལོ་༢༠༡༨ ཀྱི་ རྒྱལ་ཡོངས་ཚོགས་འདུའི་དོན་ལུ་ ཀྲོང་གསར་བྲག་སྟེང་-གླང་མཐིལ་དང་ བསམ་གྲུབ་ལྗོངས་མཁར་ བདེ་བ་ཐང་-སྒོམ་དར་འདེམས་ཁོངས་ཀྱི་ འདེམས་ངོ་ཚུ་ ངོ་སྤྲོད་འབད་བའི་ཁར་ ཚོགས་པའི་ཡོངས་ཁྱབ་དྲུང་ཆེན་གསརཔ་ བཏོན་ཡོདཔ་ཨིན་པས།
དེ་ཡང་ སྐྱེས་ལོ་༣༠ ལང་མི་ ཨོ་རྒྱན་རྣམ་རྒྱལ་དེ་ ཀྲོང་གསར་བྲག་སྟེང་-གླང་མཐིལ་འདེམས་ཁོངས་ཀྱི་ འདེམས་ངོ་ཨིནམ་ད་ ཚོགས་པའི་ཡོངས་ཁྱབ་དྲུང་ཆེན་བགྲེསཔ་ ཨོ་རྒྱན་རྡོ་རྗེ་དེ་ བདེ་བ་ཐང་-སྒོམ་དར་འདེམས་ཁོངས་ འདེམས་ངོ་སྦེ་ ངོ་སྤྲོད་འབད་ནུག།
སྐྱེས་ལོ་༤༣ ལང་མི་ ཡོངས་ཁྱབ་དྲུང་ཆེན་བགྲེསཔ་གིས་ སླབ་མིའི་ནང་ ཁོ་ར་ འདེམས་ངོ་སྦེ་ བཅའ་མར་གཏོགས་དོ་ཡོདཔ་ལས་ ཡོངས་ཁྱབ་དྲུང་ཆེན་གྱི་ལཱ་འབད་ནི་ལུ་ སྟབས་མི་བདེ་ནི་ཨིནམ་ལས་ འཕྲལ་ཁམས་ཅིག་ཁར་ དགོངས་ཞུ་འབད་ཡི་ཟེར་ཨིན་པས།
ཁོ་ར་ ཝང་ཕུག་ གཡུས་དབྱར་ཕུག་ལས་ཨིནམ་ད་ ཁོ་གིས་ འབྲུག་ཀུན་མཉམ་ཚོགས་པའི་གཙོ་འཛིན་ དྲགོས་གནས་བརྟན་བཟང་མོ་དང་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ དབང་འདུས་རྒྱལ་མཚན་ དེ་ལས་ འབྲུག་མཉམ་རུབ་ཚོགས་པའི་ འཕྲིན་ལས་རྣམ་རྒྱལ་ཚུ་དང་ དོ་འགྲན་འབད་ནི་ཨིན་པས།
ཨོ་རྒྱན་རྡོ་རྗེ་གིས་ སྤྱི་ལོ་༢༠༠༨-༡༣ ཚུན་ འབྲུག་ཕུན་སུམ་ཚོགས་པའི་ བདེ་བ་ཐང་-སྒོམ་དར་གྱི་འཐུས་མི་སྦེ་ ཕྱག་ཞུ་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༣ ལས་ ད་ཚུན་གྱི་རིང་ལུ་ ཚོགས་པའི་ཡོངས་ཁྱབ་དྲུང་ཆེན་གྱི་ ལཱ་འབད་ཡོདཔ་ཨིན་པས།\

ཀྲོང་གསར་བྲག་སྟེང་-གླང་མཐིལ་འདེམས་ཁོངས་ཀྱི་ འདེམས་ངོ་ཨོ་རྒྱན་རྣམ་རྒྱལ།

ཡོངས་ཁྱབ་དྲུང་ཆེན་བགྲེསཔ་གིས་ སྲིད་དོན་ནང་ བཅའ་མར་མ་གཏོགས་པའི་ཧེ་མར་ ལས་གཡོག་ལྷན་ཁག་ གི་ སྲིད་བྱུས་དང་འཆར་གཞི་སྡེ་ཚན་ནང་ མདོ་ཆེན་ཞིབ་རོགས་སྦེ་ ལཱ་འབད་ཡོདཔ་ད་ ཁོ་ལུ་ བཟོ་གྲྭ་དང་ ལཱ་གཡོག་མཉམ་འབྲེལ་ནང་ མཐོ་རིམ་གོང་མའི་ ཤེས་ཚད་ཡོདཔ་ཨིན་པས།
ཨོ་རྒྱན་རྣམ་རྒྱལ་གྱིས་ སྤྱི་ལོ་༢༠༡༦ ལུ་ རྒྱ་གར་ གར་ཝཱལ་གཙུག་ལག་སློབ་སྡེ་ལས་ ཚོང་འབྲེལ་བདག་སྐྱོང་ནང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་བའི་ཤུལ་ལས་ འབྲུག་ནོར་རྒྱན་ཀི་རི་ཅཱར་ཟེར་མི་ འཚེམ་དྲུབ་ཐོན་སྐྱེད་ཚོང་ལཱ་ གཞི་བཙུགས་འབད་མི་ ཡོདཔ་ཨིན་པས།
ད་རེས་ ཁོ་ར་ དམིགས་བསལ་དུ་ འབྲུག་ཕུན་སུམ་ཚོགས་པ་ནང་ འཛུལ་དགོ་མི་དེ་ཡང་ ཚོགས་པ་ལེགས་ཤོམ་སྦེ་ གཞི་བཙུགས་འབད་ཡོདཔ་བཞིན་དུ་ ཚོགས་པ་གིས་ གཞུང་སྐྱོང་དང་ ལྡོག་ཕྱོགས་པའི་ ཉམས་མྱོང་ཡོད་མི་ལུ་བརྟེན་ སེམས་ཤུགས་བསྐྱེད་ཚུགས་ཅི་ཟེར་ གླང་མཐིལ་རྒེད་འོག་ དྭངས་དུང་ལས་ཨིན་མི་ ཨོ་རྒྱན་རྣམ་རྒྱལ་གྱིས་ བཤད་ཅི།
དེ་མ་ཚད་ ཚོགས་པའི་གཞི་རྩ་དང་ལྟ་བ་ དྲང་མཉམ་དང་དྲང་བདེན་ཨིནམ་ལས་ འདེམས་ངོ་ཚུ་ཡང་ ན་གཞོན་དང་ བར་ན་སྐོརམ་ དེ་ལས་ རྒན་ཤོས་ག་ར་ འདྲ་མཉམ་སྦེ་ཡོད་པའི་ཁར་ ཚོགས་པ་གི་འཐུས་མི་ བློན་པོ་བགྲེཔས་ཚུ་ དགོངམ་ཞུ་སྟེ་འབད་རུང་ ཁོང་གིས་ བསླབ་དང་ལམ་སྟོན་ཐོག་ལུ་ ལཱ་འབད་ནིའི་གོ་སྐབས་འཐོབ་ནི་མས་ཟེར་ ཚོགས་པའི་ནང་ འཛུལ་ནི་ལུ་ སེམས་ཐག་བཅད་ཅི་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་གསརཔ་དེ་ སྤུ་ན་ཁ་ལས་ སངས་རྒྱས་ཕུར་པ་ཨིནམ་ད་ ཁོ་ལུ་ ལོ་༢༦ གི་ ལཱ་གི་ཉམས་མྱོང་ཡོདཔ་ད་ ཁོ་གིས་ ལཱ་མང་ཤོས་ར་ ལྟ་བཤལ་ལས་སྡེ་ནང་ འབད་ཡོདཔ་ཨིན་པས།
སངས་རྒྱས་ཕུར་པ་གིས་ འབྲུག་ལམ་སྟོན་ཚོགས་སྡེའི་བཀོད་ཁྱབ་མདོ་ཆེན་དང་ ཨོ་ལ་ཁ་ལུ་ཡོད་པའི་ ལྟ་བཤལ་མགྲོན་སྐྱོང་འཛིན་སྐྱོང་སྦྱོང་བརྡར་ སྤེལ་ཁང་གི་ མདོ་ཆེན་སྦེ་ ལཱ་འབད་ཡོདཔ་ད་ ཁོ་ར་ སྤུ་ན་ཁ་ དཀར་སྦྱིས་-རྟ་ལོག་འདེམས་ཁོངས་ལས་ཨིན་པས།
སྐྱེས་ལོ་༥༠ ལང་མི་ སངས་རྒྱས་ཕུར་པ་ཁོ་ར་ ཧེ་མ་ འབྲུག་མཉམ་རུབ་ཚོགས་པའི་ དཀར་སྦྱིས་-རྟ་ལོག་འདེམས་ཁོངས་ཀྱི་ འདེམས་ངོ་སྦེ་ ངོས་འཛིན་འབད་ཡོད་རུང་ ཤུལ་ལས་ཚོགས་པ་གིས་ ཁོ་ལུ་ཤོག་འཛིན་བྱིན་མ་བཏུབ་པས།
ཚོགས་པའི་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ འདེམས་ཁོངས་ལ་ལོ་ཅིག་ནང་ འདེམས་ངོ་ཚུ་ ངོ་སྤྲོད་མ་འབད་བར་ཡོད་མི་དེ་ འཕྲལ་མགྱོགས་ར་ ངོ་སྤྲོད་འབད་འོང་ཟེར་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *