འབྲུག་ཕུན་སུམ་ཚོགས་པའི་ འགོ་འཛིན་ཚུ་གིས་ གསེར་གྱི་ཐང་-རྩི་རང་སྟོད་ཀྱི་འདེམས་ངོ་ ཀི་ཝཱལ་ ཨ་དི་ཀ་རི་ ངོ་སྤྲོད་འབད་བའི་བསྒང་།

འབྲུག་ཕུན་སུམ་ཚོགས་པ་ལུ་ གསེར་གྱི་ཐང་-རྩི་རང་སྟོད་ཀྱི་ འདེམས་ངོ་གསརཔ།

༉ ཁ་ཙ་ ཐིམ་ཕུག་ལུ་ འབྲུག་ཕུན་སུམ་ཚོགས་པ་གིས་ སྐྱེས་ལོ་༤༩ ལང་མི་ ཀི་ཝཱལ་ ཨ་དི་ཀ་རི་དེ་ གསེར་གྱི་ཐང་-རྩི་རང་སྟོད་འདེམས་ཁོངས་ཀྱི་ འདེམས་ངོ་སྦེ་ ངོ་སྤྲོད་འབད་ཡི།
ཕུན་བརྟན་ཆུ་རྒེད་འོག་ བུ་རི་ཆུ་ལས་ཨིན་མི་ ཀི་ཝཱལ་ ཨ་དི་ཀ་རི་དེ་ ཐིམ་ཕུག་ལུ་ བཟོ་བཅོས་ཀྱི་ ཚོང་འབྲེལ་འཐབ་སྡོད་མི་ཅིག་ཨིནམ་ད་ ཁོ་གིས་ ཐིམ་ཕུག་མཐོ་རིམ་སློབ་གྲྭ་ལས་ འཕྲལ་ཁམས་ཅིག་ཁར་ མཐར་མཁྱོལ་ཡོདཔ་ཨིན་པས།
ཁོ་གིས་ ཚོང་འབྲེལ་འགོ་མ་བཙུགས་པའི་ཧེ་མ་ སྒེར་སྡེ་ཅིག་ནང་ ལོ་༦ དེ་ཅིག་ ལཱ་འབད་སྡོད་ཡོདཔ་ད་ ཁོ་ལུ་ ལོ་༡༨ ཀྱི་ ཚོང་འབྲེལ་ཉམས་ཡོདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཨ་རྟག་འབད་བ་ཅིན་ ཁོ་ར་ བཟའ་ཚང་དང་ ཚོང་འབྲེལ་གྱི་ འགན་འཁྲི་འབག་སྟེ་ སྡོད་ཡོད་རུང་ ད་རེས་ སྲིད་ཚོགས་ནང་ འཛུལ་ཞུགས་འབདཝ་དང་འབྲེལ་ ཁོ་གི་ འགན་ཁུར་དེ་ ཡར་སེང་སོང་ཡི་ཟེར་ཨིན་པས།
ཨ་ལོ་༤ གི་ ཨ་པ་དེ་ སྤྱི་ལོ་༢༠༠༨ ལུ་ དམངས་གཙོའི་རིང་ལུགས་ འགོ་བཙུགས་པའི་སྐབས་ལས་ར་ སྲིད་དོན་ནང་ བཅའ་མར་གཏོགས་འདོད་ཡོད་རུང་ མཐོ་རིམ་ཤེས་ཚད་མེད་མི་ལུ་བརྟེན་ བཅའ་མར་གཏོགས་མ་ཚུགས་པས།
ད་རེས་ ཁོ་རའི་ཤེས་ཡོན་དེ་ ཡར་སེང་འབད་ཚུགས་པའི་ཁར་ སྲིད་དོན་ནང་ འཛུལ་ཞུགས་འབད་ཚུགསཔ་ལས་ སེམས་དགའ་ཡི་ཟེར་ ཀི་ཝཱལ་ ཨ་དི་ཀ་རི་གིས་ བཤད་པའི་ཁར་ འབྲུག་ཕུན་སུམ་ཚོགས་པའི་ནང་ འཛུལ་ཞུགས་འབད་མི་དེ་ཡང་ ཚོགས་པའི་ལྟ་བ་ འདྲ་མཉམ་དང་ དྲང་བདེན་ལུ་ གཙོ་བོར་བཏོན་ཡོད་མི་ལུ་བརྟེན་ ཁོ་ལུ་ སེམས་ཤུགས་བྱུང་ཡི་ཟེར་ཨིན་པས།
ཚོགས་པའི་གཙོ་འཛིན་ཌོག་ཊར་ པདྨ་རྒྱ་མཚོ་གིས་ བཤད་མིའི་ནང་ ད་རེས་ གསེར་གྱི་ཐང་-རྩི་རང་སྟོད་ཀྱི་ འདེམས་ཁོངས་ནང་ལས་ ཁྱད་ཚད་ལྡན་པའི་ འདེམས་ངོ་ཐོབ་ཚུགསཔ་ལས་ དཔའ་ཉམས་བསྐྱེད་པའི་ གཞི་གནད་ཅིག་ལུ་ གྱུར་ཡོདཔ་མ་ཚད་ འཐུས་མི་བགྲེསཔ་མང་ཤོས་ར་ སྲིད་ཚོགས་ནང་ ལོག་འཛུལ་ཞུགས་འབད་མི་དེ་ ཚོགས་པ་ལུ་ བློ་གཏད་དང་ ཡིད་ཆེས་ཡོད་པའི་ བརྡ་མཚོན་ཨིན་ཟེར་ཨིན་པས།
གསེར་གྱི་ཐང་-རྩི་རང་སྟོད་ཀྱི་ འབྲུག་མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་དེ་ འཐུས་མི་ནོ་པི་དར་ལ་མི་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་ འདེམས་ངོ་གསརཔ་ ངོ་སྤྲོད་འབད་བའི་སྐབས་ ཚོགས་པའི་གཙོ་འཛིན་འོགམ་ རྡོ་རྗེ་དབང་འདུས་དང་ ཨོ་རྒྱན་དབང་འདུས་ དེ་ལས་ འཐུས་མི་གཞན་ཚུ་ཡང་ ཡོདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༢༡ གསལ་བསྒྲགས་འབད་ཡོདཔ།

༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༤ པའི་དོན་ལུ་ འདེམས་ངོ་༢༡ གསལ་བསྒྲགས་འབད་ ཡོདཔ་ཨིན་པས། དེ་དང་འཁྲིལ་ཏེ་ ད་ལྟོ་ཚུན་ཚོད་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༤༧ ལས་༤༢ …

Leave a Reply

Your email address will not be published. Required fields are marked *