འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ ཌོག་ཊར་པདྨ་རྒྱ་མཚོ་དང་ འདེམས་ངོ་གསརཔ་ ཉི་མ་རྒྱལ་མཚན་ དེ་ལས་ ཚོགས་པའི་འཐུས་མི་ ཨྱོན་དབང་འདུས་དང་ ཡོངས་ཁྱབ་དྲུང་ཆེན་ ཨྱོན་རྡོ་རྗེ།

འབྲུག་ཕུན་སུམ་ཚོགས་པ་གིས་ ཨ་ཐང་-ཐེད་ཚོའི་ འདེམས་ངོ་ངོ་སྤྲོད།

༉ ཁ་ཙ་ ཐིམ་ཕུག་ལུ་ འབྲུག་ཕུན་སུམ་ཚོགས་པ་གིས་ སྐྱེས་ལོ་༣༥ ལང་མི་ ཉི་མ་རྒྱལ་མཚན་དེ་ དབང་འདུས་ཕོ་བྲང་ ཨ་ཐང་- ཐེད་ཚོ་འདེམས་ཁོངས་ཀྱི་ འདེམས་ངོ་སྦེ་ ངོ་སྤྲོད་འབད་ཡི།
སྦྱེ་ནག་རྒེད་འོག་ བླ་མ་ཁ་ལས་ཨིན་མི་ ཉི་མ་རྒྱལ་མཚན་དེ་ དབང་འདུས་ལུ་ ཤིང་དྲ་ཁང་དང་ ལྟ་བཤལ་ལས་སྡེའི་ ཇོ་བདག་ཨིནམ་ད་ དེ་གི་ཧེ་མ་ སྤྱི་ཟླ་༨ པའི་ཚེས་༣ ལུ་ ཚོགས་པ་གིས་ སྤ་རོ་རྫོང་ཁག་ཚོགས་འདུའི་ ཁྲི་འཛིན་བགྲེསཔ་ ཕུརཔ་ཚེ་རིང་དེ་ ལམ་གོང་-ཝང་ལྕང་འདེམས་ཁོངས་ཀྱི་ འདེམས་ངོ་སྦེ་ ངོ་སྤྲོད་འབད་ཡོདཔ་ཨིན་པས།
ཚོགས་པའི་འགོ་ཁྲིདཔ་གིས་ བཤད་མིའི་ནང་ འདེམས་ངོ་༢ ངོ་སྤྲོད་འབད་མི་དེ་གིས་ ད་རེས་ནངས་པར་ འབྲུག་ཕུན་སུམ་ཚོགས་པ་གིས་ སྤྱི་ལོ་༢༠༡༨ ཀྱི་ བཙག་འཐུ་ནང་ བཅའ་མར་མི་གཏོགས་ཟེར་ འཐོར་གཏམ་ཡོད་མི་དེ་ མེདཔ་བཟོ་ཡི་ཟེར་ཨིན་པས།
ཉི་མ་རྒྱལ་མཚན་གྱིས་ སླབ་མིའི་ནང་ ཁོ་ ཚོགས་པའི་ནང་ འཛུལ་ཞུགས་འབད་དགོ་མི་དེ་ཡང་ ཚོགས་པའི་ལྟ་བ་ འདྲ་མཉམ་དང་ དྲང་བདེན་ཡོད་མི་ལུ་བརྟེན་ སེམས་ཤུགས་བྱུང་ཡོདཔ་མ་ཚད་ སྲིད་ཚོགས་དེ་གིས་ རང་གི་མཐའ་དོན་ལུ་ མ་བལྟ་བར་ རྒྱལ་ཡོངས་ཀྱི་དོན་ལུ་ གཙོ་བོར་བཏོན་ནི་དེ་གིས་ཨིན་ཟེར་ཨིན་པས།
ཚོགས་པ་ལུ་ རྒྱབ་འགལ་ཡོད་པའི་ འཐོར་གཏམ་དར་ཁྱབ་སོང་ཡོད་རུང་ ཁོ་གིས་ སྤྱི་ལོ་༢༠༠༨ ལས་ར་ ཚོགས་པ་ལུ་ རྒྱབ་སྐྱོར་ཧྲིལ་བུ་ འབད་བཞིན་དུ་ཡོད་ཟེར་ ཉི་མ་རྒྱལ་མཚན་གྱིས་ བཤདཔ་ཨིན་པས།
ཉི་མ་རྒྱལ་མཚན་གྱིས་ དབང་འདུས་ལུ་ ཤིང་དྲ་ཁང་ གཞི་བཙུགས་མ་འབད་བའི་ཧེ་མ་ སྤ་རོ་ཀུན་དགའ་སློབ་གྲྭ་ནང་ སློབ་དཔོན་སྦེ་ ལཱ་འབད་ཡོདཔ་ད་ ཁོ་ལུ་ རྒྱ་གར་ཨིསིཊ་བེང་གཱལ་མཐོ་རིམ་སློབ་གྲྭ་ལས་ བརྡ་བརྒྱུད་ཀྱི་ མཐོ་རིམ་ཤེས་ཚད་ཡོདཔ་ཨིན་པས།
ཚོགས་པའི་གཙོ་འཛིན་དང་ ལྡོག་ཕྱོགས་འགོ་ཁྲིདཔ་ ཌོག་ཊར་པདྨ་རྒྱ་མཚོ་དང་ གཙོ་འཛིན་འོགམ་ རྡོ་རྗེ་དབང་འདུས་དང་ འཐུས་མི་ཨོ་རྒྱན་དབང་འདུས་ ཡོངས་ཁྱབ་དྲུང་ཆེན་ ཨོ་རྒྱན་རྡོ་རྗེ་གིས་ ཁ་ཙ་ འདེམས་ངོ་དེ་ ཚོགས་པའི་འཐུས་མི་སྦེ་ གཞུང་འབྲེལ་ཐོག་ ངོ་སྤྲོད་འབད་ཡི།
ཚོགས་པའི་གཙོ་འཛིན་གྱིས་ བཤད་མིའི་ནང་ ཚོགས་པ་གིས་ སྤྱི་ལོ་༢༠༡༨ ཀྱི་ བཙག་འཐུ་ནང་ བཅའ་མར་མི་གཏོགས་ཟེར་ འཐོར་གཏམ་དར་ཁྱབ་ སོང་མི་དེ་ མི་བདེན་པའི་ཁར་ ལ་ལོ་གིས་ ཉོགས་བཤད་བཀོད་མི་དེ་ དགོད་བྲ་སི་སི་ཅིག་ཨིན་མས་ཟེར་ཨིན་པས།
ཚོགས་པའི་ནང་ ཉམས་མྱོང་ཅན་གྱི་ མི་ངོ་ཙང་ཙ་ཡོདཔ་ལས་ རྒྱལ་ཁབ་ནང་ ཕྱག་ཕྱི་གང་དྲག་ཞུ་ནི་དང་ མི་སེར་ཚུ་གི་ རེ་དོན་ འགྲུབ་ཚུགསཔ་འབད་ནི་དེ་ ཚོགས་པའི་འགན་ཁུར་ཨིན་ཟེར་ གཙོ་འཛིན་ཌོག་ཊར་ པདྨ་རྒྱ་མཚོ་གིས་ བཤད་པའི་ཁར་ ཚོགས་པའི་འཐུས་མི་ མང་ཤོས་ཅིག་གིས་ མི་ཚེ་ཅིག་ ཕྱག་ཞུ་ནི་གི་ གོ་སྐབས་ཐོབ་ཅི་ཟེར་ བཤདཔ་ཨིན་པས།
ཚོགས་པའི་འཐུས་མི་ ལ་ལོ་ཅིག་ ལོ་ཚད་ལུ་བརྟེན་ བཅའ་མར་གཏོགས་ནིའི་ གོ་སྐབས་མི་འཐོབ་ནི་ཨིནམ་ལས་ ས་སྟོང་བསུབ་དགོཔ་ ལེ་ཤ་ཡོདཔ་བཞིན་དུ་ ལོ་ཚད་ལས་ འབྱིད་མི་ཚུ་ཡང་ ལྷོ་ཐིམ་ཕུག་གི་འཐུས་མི་ ཡེ་ཤེས་སྦྱིན་པ་དང་ ལམ་གོང་-ཝང་ལྕང་གི་འཐུས་མི་ མཁའ་འགྲོ་དབང་ཕྱུག་ མཁར་གཡུ་རུང་གི་འཐུས་མི་ བཟང་ལེགས་འབྲུག་པ་ དེ་ལས་ ལྷུན་རྩེ་སྒང་ཟུར་-སྨིན་རྗེའི་འཐུས་མི་ ཀརྨ་རང་འགྲོལ་ཚུ་ཨིན་པས།
ཨིན་རུང་ ཚོགས་པ་གིས་འབད་བ་ཅིན་ འཐུས་མི་ཚུ་གིས་ ཚབ་བཙུགས་འབད་ནིའི་དོན་ལུ་ འདེམས་ངོ་ཚུ་ ངོས་འཛིན་འབད་དེ་ཡོདཔ་བཞིན་དུ་ ལམ་གོང་-ཝང་ལྕང་འདེམས་ཁོངས་ཀྱི་དོན་ལུ་ སྤ་རོ་ཚོགས་འདུའི་ཁྲི་འཛིན་བགྲེསཔ་ ཕུརཔ་ཚེ་རིང་དེ་ གདམ་འཐུ་འབད་ཚར་ཡོདཔ་ཨིན་པས།
ཕུརཔ་ཚེ་རིང་གིས་ སླབ་མིའི་ནང་ ཚོགས་པའི་ལྟ་བ་དང་ དམིགས་དོན་ གཞི་རྩ་ཚུ་ འཕྲལ་གྱི་རྐྱངམ་གཅིག་མེན་པར་ ཡུན་བརྟན་ཡོད་མི་ལུ་བརྟེན་ ཁོ་ ཚོགས་པའི་ནང་ འཛུལ་ཞུགས་འབད་ཡི་ཟེར་ཨིན་པས།
ཧེ་མ་ ས་གནས་གཞུང་གི་ འགོ་ཁྲིདཔ་སྦེ་ ཕྱག་ཞུ་བའི་སྐབས་ མི་སེར་ཚུ་གི་ གནས་སྟངས་སྐོར་ལས་ ལེགས་ཤོམ་སྦེ་ ཤེསཔ་མ་ཚད་ གལ་སྲིད་ ཁོ་ར་ བཙག་འཐུ་འགྲུབ་པ་ཅིན་ ནན་བསྐྱར་དུ་ མི་སེར་ཚུ་ལུ་ ཕྱག་ཞུ་ནི་གི་ ལྷན་ཐབས་སྦོམ་སྦེ་ར་ འབྱུང་ཚུགས་ནི་མས་ཟེར་ ཕུརཔ་ཚེ་རིང་གིས་ བཤདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

འབྲུག་པའི་ ཨམ་སྲུའི་ཕུཊ་བཱོལ་སྡེ་ཚན་ཚུ་གིས་ རྒྱལ་ཁ་ཐོབ་མ་ཚུགས་པར་ཡོདཔ།

༉ འདས་པའི་བདུན་ཕྲག་ལས་འགོ་བཙུགས་ སྤྱི་ཟླ་༣ པའི་ཚེས་༢༨ ཚུན་ བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ རྒྱལ་སྤྱི་ཕུཊ༌བཱོལ་རྩེད་ཐང་ནང་སྦེ་ ལྷོ་ཨེ་ཤི་ཡཱན་ ཨམ་སྲུའི་ཕུཊ་བཱོལ་དོ་འགྲན་འབད་མིའི་ནང་ འབྲུག་ལས་ སྐྱེས་ལོ་༡༧ མན་ཆད་འབད་མི་ རྒྱལ་ཡོངས་ཨམ་སྲུའི་ཕུཊ༌བཱོལ་སྡེ་ཚན་གྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *