འབྲུག་པའི་ཨ་ལོ་བརྒྱ་ཆ་༢༠ འདོད་པའི་པར་བརྙན་ལུ་ གོམས་འདྲིས་ཚུད་ཡོདཔ།

༉ མ་གཞི་ ཨ་ལོ་ཚུ་ལུ་ ཕྱི་གཟུགས་དང་ སེམས་ཚོར་དང་འབྲེལ་བའི་ གནོད་འཚེ་མངམ་ མྱོང་དོ་ཡོད་རུང་ འབྲུག་ལུ་ཡོད་མི་ འཛམ་གླིང་སྤྱི་ཚོགས་ཨ་ལོའི་མ་དངུལ་ ཡུ་ནི་སེཕ་དང་ རྒྱལ་ཡོངས་ཨམ་སྲུ་དང་ ཨ་ལོའི་ལྷན་ཚོགས་ཀྱི་ ཞིབ་འཇུག་ནང་ ད་རེས་ནངས་པར་ འཕྲུལ་རིག་ཐོག་ལས་ འདོད་པའི་པར་བརྙན་ཐོན་མི་དེ་ རྒྱལ་ཁབ་ནང་ ཚ་གྱང་ཅན་གྱི་ གནད་དོན་ཅིག་ལུ་ གྱུར་དོ་ཡོད་པའི་ གསལ་སྟོན་འབད་ནུག།
ཐིམ་ཕུག་ལུ་ ད་རེས་ མཇུག་བསྡུ་ནི་ཨིན་མི་ ཨ་ལོ་གཅེས་སྐྱོང་དང་ གོང་འཕེལ་ལས་རིམ་ནང་ གསལ་བཤད་འབད་མི་ ཞིབ་འཇུག་སྙན་ཞུའི་ནང་ སྐྱེས་ལོ་༡༣ དང་༡༧ གྱི་བར་ན་འབད་མི་ ཨ་ལོ་བརྒྱ་ཆ་༢༠ འདོད་སྤྱོད་གློག་བརྙན་བལྟ་སྟེ་ གོམས་འདྲིས་ཚུད་ཡོད་པའི་ མངོན་གསལ་བྱུང་ཡི་ཟེར་བཀོད་ནུག།
དེ་ཡང་ བུཚ་བརྒྱ་ཆ་༤༡.༧ དང་ བུམོ་བརྒྱ་ཆ་༢༨.༧ མི་གཞན་ཚུ་གི་ འདོད་པའི་པར་བརྙན་བལྟ་ནི་གི་ གོ་སྐབས་ཐོབ་ཡོད་མིའི་གྲས་ལས་ ཨ་ལོ་བརྒྱ་ཆ་༡༠.༣ དེ་ཅིག་གིས་ ཁོང་རའི་ཁྱིམ་ནང་དང་ བརྒྱ་ཆ་༡༡ གཞན་གྱི་ཁྱིམ་ཚུ་ནང་ བལྟ་དོ་ཡོདཔ་བཞིན་དུ་ བུཚ་བརྒྱ་ཆ་༡༡.༣ དང་ བུམོ་བརྒྱ་ཆ་༤.༡ ལུ་ སློབ་གྲྭ་ཚུ་ནང་ འདོད་པའི་པར་བརྙན་ལུ་ ཐོབ་སྤྱོད་ཡོདཔ་སྦེ་ སྙན་ཞུའི་ནང་བཀོད་ནུག།
ད་རུང་ ལྷ་ཁང་དགོན་སྡེ་དང་ ཨ་ནེམོ་གྲྭ་ཚང་ ལཱ་གི་ས་ཁོངས་ མི་མང་གི་ས་ཁོངས་ དེ་ལས་ ལམ་བདའ་སྟེ་དང་ སློབ་གྲྭ་ནང་ལས་ ལོག་འོངམ་ད་ འདོད་པའི་པར་བརྙན་ཚུ་ བལྟ་དོ་ཡོད་པའི་ གནད་དོན་དུམ་གྲ་རེ་ ཡོད་པའི་སྐོར་ལས་ཡང་ སྙན་ཞུ་ནང་བཀོད་ནུག།
རྒྱལ་ཡོངས་ཨམ་སྲུ་དང་ ཨ་ལོའི་ལྷན་ཚོགས་ཀྱི་ ལས་རིམ་འགོ་དཔོན་ ཨྱོན་དབང་ཕྱུག་གིས་ གསལ་བཤད་འབད་མིའི་ནང་ འདོད་པའི་པར་བརྙན་གྱིས་ མ་ཚད་པར་ དབང་བཙོང་གི་ཐོག་ལས་ འདོད་སྤྱོད་དང་ བཙོག་གཏམ་སླབ་སྟེ་ གནོད་འཚེ་འབད་ནི་ གཟུགས་དཀྲོག་ཐོག་ལས་ འདོད་ཆགས་ལོང་བཅུག་ནི་ཚུ་ འདོད་སྤྱོད་དང་འབྲེལ་བའི་ གནོད་འཚེ་དང་ རྩུབ་སྤྱོད་ཀྱི་གྲངས་སུ་ ཚུདཔ་བཞིན་དུ་ ལོ་ན་འདྲ་མཉམ་འབད་མི་དང་ སློབ་གྲྭ་ཚུ་ནང་ འདོད་སྤྱོད་དང་འབྲེལ་བའི་ རྩུབ་སྤྱོད་ཀྱི་གནས་རིམ་ མཐོ་དྲགས་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྐྱེས་ལོ་༡༣ ལས་༡༧ གྱི་བར་ན་འབད་མི་ ཨ་ལོ་བརྒྱ་ཆ་༦༤ དེ་ཅིག་ལུ་ ཕྱི་གཟུགས་ཀྱི་ རྩུབ་སྤྱོད་དང་ ཨ་ལོ་བརྒྱ་ཆ་༤༤.༨ ཀྱིས་ ན་གཞོན་གྱི་ ལོ་ཚད་ནང་ མ་ལྷོད་པའི་ཧེ་མར་ ཕྱི་གཟུགས་ཀྱི་ རྩུབ་སྤྱོད་ཐོབ་ནུག་ཟེར་ཨིན་པས།
ཨྱོན་དབང་ཕྱུག་གིས་ སླབ་མིའི་ནང་ ཨ་ལོའི་ཞིབ་འཇུག་ཕྱེད་ཀ་དེ་ཅིག་ནང་ ཨ་ལོ་ཚུ་གི་ མི་ཚེའི་ནང་ སེམས་ཚོར་དྲག་པོའི་ རྩུབ་སྤྱོད་ཡང་ ཐོབ་ནུག་ཟེར་ཨིནམ་ད་ ཕམ་ཡ་བྲལ་དང་ བཟའ་ཚང་སྤྱང་ཀ་ དེ་ལས་ ཆང་ཚུ་བརྩིས་ཏེ་ རྩུབ་སྤྱོད་དང་ གནོད་འཚེ་ཁག་༡༢ དེ་ཅིག་ཡོད་ཟེར་ཨིན་པས།
བཅའ་མར་གཏོགས་མི་ཅིག་གིས་ སྙན་ཞུའི་ནང་ དམིགས་བསལ་དུ་ དབང་པོ་སྐྱོན་ཅན་ཚུ་གི་ གནས་སྡུད་ཚུ་ ཉུང་སུ་ཅིག་ལས་ གསལ་བཀོད་འབད་འབདཝ་མེདཔ་ལས་ དེ་ཚུ་ལུ་ གནད་འགག་ཅན་སྦེ་ བཀོད་དགོཔ་དེ་ ཁག་ཆེ་ཟེར་ བཤདཔ་ཨིན་པས།
གྲོས་འདེབས་ནང་ ཨ་ལོའི་ཕན་བདེའི་ ཐབས་བྱུས་འཆར་གཞི་ བཟོ་ནི་དང་ སློབ་གྲྭ་ཚུ་ནང་ ལུས་ཐོག་ཉེས་ཁྲིམས་ བཀག་ཐབས་འབད་ནི་ དེ་ལས་ འདོད་པའི་པར་བརྙན་ལ་སོགས་པ་ཚུ་གི་ གནོད་པ་དང་ ཉེན་ཁ་ཚུ་ ཧ་གོ་ནིའི་དོན་ལུ་ ཐབས་བྱུས་བཟོ་ནི་ཚུ་ ཚུད་ཡོད་པའི་གནས་ཚུལ།

སྐད་སྒྱུར་ སྐལ་བཟང་དབང་ཕྱུག།

About admin

Check Also

འབྲུག་པའི་ ཨམ་སྲུའི་ཕུཊ་བཱོལ་སྡེ་ཚན་ཚུ་གིས་ རྒྱལ་ཁ་ཐོབ་མ་ཚུགས་པར་ཡོདཔ།

༉ འདས་པའི་བདུན་ཕྲག་ལས་འགོ་བཙུགས་ སྤྱི་ཟླ་༣ པའི་ཚེས་༢༨ ཚུན་ བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ རྒྱལ་སྤྱི་ཕུཊ༌བཱོལ་རྩེད་ཐང་ནང་སྦེ་ ལྷོ་ཨེ་ཤི་ཡཱན་ ཨམ་སྲུའི་ཕུཊ་བཱོལ་དོ་འགྲན་འབད་མིའི་ནང་ འབྲུག་ལས་ སྐྱེས་ལོ་༡༧ མན་ཆད་འབད་མི་ རྒྱལ་ཡོངས་ཨམ་སྲུའི་ཕུཊ༌བཱོལ་སྡེ་ཚན་གྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *