འབྲུག་པའི་སློབ་ཕྲུག་ཚུ་ལུ་ ནི་པཱ་ནད་འབུབ་ལས་ དྲནམ་བཏོན་དགོ་པའི་གསལ་བསྒྲགས།

ཨོ་རྒྱན་རྡོ་རྗེ།

༉ རྒྱ་གར་ཀེ་ར་ལ་ལུ་ ནི་པཱ་ནད་འབུབ་ ཁྱབ་སྤེལ་སོང་མི་ལུ་བརྟེན་ རྒྱ་གར་ལུ་ ཤེས་ཡོན་སྦྱང་མི་ འབྲུག་པའི་སློབ་ཕྲུག་ཚུ་ལུ་ དྲན་པ་ཐེབས་བཏོན་དགོཔ་སྦེ་ ཤེས་རིག་ལྷན་ཁག་གིས་ གསལ་བསྒྲགས་འབད་ནུག།

ན་ལོན་དང་ ཆེ་རིམ་ཤེས་ཡོན་ལས་ཁུངས་ཀྱི་ ལས་རིམ་གཙོ་འཛིན་ བཱ་བུ་རམ་ ཤེར་པ་གིས་ སླབ་མིའི་ནང་ རྒྱ་གར་ལུ་ཡོད་མི་ འབྲུག་པའི་སློབ་ཕྲུག་མཐུན་ཚོགས་བརྒྱུད་དེ་ ལས་ཁུངས་ཀྱིས་ ནི་པཱ་ནད་འབུབ་སྐོར་ལས་ ལྟ་རྟོག་འབད་དོ་ཟེར་ཨིནམ་ད་ ད་ལྟོ་ཚུན་ འབྲུག་པའི་སློབ་ཕྲུག་ཚུ་ལུ་ ནད་གཞི་ཐོབ་ཡོད་པའི་ སྙན་ཞུ་མ་ལྷོད་ཟེར་བཤདཔ་ཨིན་པས།

ནད་གཞི་དེ་ ཕོཝ་མ་ཀེ་དང་ ཕགཔ་ དེ་ལས་ སེམས་ཅན་གཞན་ཚུ་ལས་སྦེ་ མི་ལུ་ སྤེལ་དོ་ཡོདཔ་ད་ ནད་གཞི་དེ་གི་ ནད་རྟགས་ཚུ་ཡང་ དྲོད་འབར་རྐྱབ་ནི་དང་ ཁ་ལས་སྐྱུགས་ནི་ རྐང་ཚིགས་ལག་ཚིགས་ན་ནི་ ལྐོདམ་ན་ནི་ དབུགས་གཏོང་ལེན་གྱི་ དཀའ་ངལ་ལ་སོགས་པ་ཚུ་ བྱུངམ་ཨིན་པས།

ལས་རིམ་གཙོ་འཛིན་གྱིས་ སླབ་མིའི་ནང་ ད་རེས་ རྒྱ་གར་ལུ་ འབྲུག་གི་སློབ་ཕྲུག་ཚུ་ཡང་ ཉེན་སྲུང་དང་ལྡནམ་སྦེ་ ཡོདཔ་བཞིན་དུ་ སློབ་ཕྲུག་ཚུ་གིས་ ནད་འབུབ་དེ་ མི་འཐོབ་ནིའི་དོན་ལུ་ ལས་ཁུངས་ཀྱིས་ ཉེན་བརྡའི་གསལ་བསྒྲགས་ཚར་༣ དེ་ཅིག་ བཏང་ཡི་ཟེར་ཨིན་པས།

སྤྱི་ཟླ་༥ པའི་ཚེས་༣༠ ལུ་ ཤེས་རིག་དྲུང་ཆེན་གྱིས་ མིང་རྟགས་བཀོད་ཐོག་ལས་ དྲན་བསྐུལ་གསལ་བསྒྲགས་ འབད་མི་དང་འཁྲིལཝ་ད་  ནད་གཞི་དེ་ལུ་ སྨན་བཅོས་མེདཔ་ལས་ ཁྱབ་སྤེལ་མགྱོགས་དྲགས་འགྱོ་དོ་ཡོད་མི་ལུ་བརྟེན་ ད་ལྟོ་ཚུན་ ཀེ་ར་ལ་ ཀེ་ཞི་ཀོ་དི་ ལུང་ཕྱོགས་ནང་ མི་༡༣ ལུ་ ཤི་རྐྱེན་བྱུང་ནུག་ཟེར་ཨིན་པས།

ནད་གཞི་དེ་ ཉེན་ཅན་ཨིནམ་ལས་ ནད་ཐོབ་མི་ བརྒྱ་ཆ་༧༠ ལུ་ ཤི་རྐྱེན་འབྱུང་ནིའི་ ཉེན་ཁ་ཡོདཔ་བཞིན་དུ་ ནད་དེ་གིས་ ཀླད་ནད་དང་ དབུགས་གཏོང་ལེན་གྱི་ དཀའ་ངལ་ཚུ་ བྱིན་དོ་ཡོདཔ་སྦེ་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱིས་ བཤདཔ་མས་ཟེར་ གསལ་བསྒྲགས་གནང་བཀོད་ནུག།

འབྲུག་གི་སློབ་ཕྲུག་མཐུན་ཚོགས་ཀྱིས་འབད་བ་ཅིན་ ད་རེས་ནངས་པར་ རྒྱ་གར་ལུ་ འབྲུག་པའི་སློབ་ཕྲུག་བུཚ་༡,༢༣༦ དང་ བུམོ་༩༤༠ བརྩིས་ཏེ་ སློབ་ཕྲུག་༢,༡༧༦ དེ་ཅིག་ ཤེས་ཡོན་སྦྱང་སྟེ་ ཡོད་མིའི་གྲས་ལས་ སློབ་ཕྲུག་༤ དེ་ ཀེ་ར་ལ་ལུ་ ཡོདཔ་ཨིན་པས།

བཱ་བུ་རམ་ ཤེར་པ་གིས་ སླབ་མིའི་ནང་ ནད་གཞི་མི་འཐོབ་ནིའི་དོན་ལུ་ ཐབས་ལམ་བཟུམ་ཅིག་སྦེ་ སློབ་ཕྲུག་ཚུ་ལུ་ ནད་འབུབ་དང་ ནད་རྟགས་ཀྱི་སྐོར་ལས་ གོ་བརྡ་སྤྲོད་ཐབས་ལུ་ ཁ་ཙ་ཡང་ གསོ་བ་ལྷན་ཁག་དང་ མཉམ་འབྲེལ་ཐོག་ལས་ དྲན་བསྐུལ་གསལ་བསྒྲགས་ཅིག་ཡང་ བཏང་ཡི་ཟེར་ཨིན་པས།

ད་རུང་ ཁོ་གིས་འབད་བ་ཅིན་ ནིའུ་ལྡི་ལི་ལུ་ འབྲུག་གི་གཞུང་ཚབ་ལས་ཁང་དང་གཅིག་ཁར་ སློབ་ཕྲུག་ཚུ་ལུ་ ནད་གཞིའི་སྐོར་ལས་ གོ་བརྡ་སྤྲོད་ཐབས་ལུ་ དུས་རྒྱུན་དུ་ འབྲེལ་བ་འཐབ་དོ་ཟེར་ཨིན་པས།

འབྲུག་པའི་སློབ་ཕྲུག་ཚུ་གིས་ ནད་གཞི་དེ་ མི་འཐོབ་ནིའི་དོན་ལས་ ནད་འབུབ་ཐོབ་མི་དང་གཅིག་ཁར་ འབྲེལ་བ་མ་འཐབ་པར་ སྡོད་ནི་དང་ བཞེས་སྒོ་དྲིམ་བཏགས་མི་ཚུ་ཟ་ནི་ དེ་ལས་ ཤའི་རིགས་ དམིགས་བསལ་དུ་ ཕག་ཤ་དང་ ཤིང་འབྲས་ཀྱི་རིགས་ཚུ་ ཟ་ནི་ལས་ ག་དེ་དྲག་དྲག་ འཛེམ་དགོ་ཟེར་ གསལ་བསྒྲགས་ནང་བཀོད་ནུག།

གལ་སྲིད་ དྲོད་འབར་རེ་རྐྱབ་སྟེ་ མགུ་ཏོ་ན་ནི་དང་ བཟི་འཐོབ་འཐོབ་འབད་བ་ཅིན་ དེ་འཕྲོ་ལས་ ཉེ་འདབས་ཀྱི་ སྨན་ཁང་ནང་ འགྱོ་དགོཔ་མ་ཚད་ སློབ་ཕྲུག་མཐུན་ཚོགས་ཀྱི་ གཙོ་འཛིན་ཚུ་གིས་ཡང་ དུས་རྒྱུན་དུ་ ན་ལོན་དང་ ཆེ་རིམ་ཤེས་ཡོན་ལས་ཁུངས་ནང་ དུས་ཐོག་སྙན་ཞུ་ འབད་དགོ་ཟེར་ བཀོད་པའི་གནས་ཚུལ།

 

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *