འབྲུག་པའི་སྣུམ་འཁོར་ཚུ་ རྒྱ་གར་གྱི་མངའ་སྡེ་བརྒྱུད་དེ་འགྱོ་བའི་སྐབས་ གདོང་ལེན་བྱུང་ མི་ཚུ་ སེལ་ཐབས་འབད་ནི།

༉ རྫོང་ཁག་ལ་ལོ་ཅིག་ནང་ འགྲོ་འགྲུལ་འབད་བའི་སྐབས་ རྒྱ་གར་གྱི་ས་གནས་བརྒྱུད་དེ་ འགྱོ་དགོཔ་ལས་ འཕྲལ་འཕྲལ་སྐབས་ སྟབས་མ་བདེཝ་ཚུ་ དུམ་གྲ་རེ་ བྱུང་དོ་ཡོདཔ་ཨིན་རུང་ གཞུང་གིས་ སེལ་ཐབས་ལུ་ ཐབས་ཤེས་ཚུ་ བཏོན་པའི་བསྒང་ཡོད་པའི་ ལོ་རྒྱུས་ཚུ་ བརྡ་དོན་དང་བརྒྱུད་འབྲེལ་བློན་པོ་ ཌི་ཨེན་ དུང་གེལ་གྱིས་ རྒྱལ་ཡོངས་ཚོགས་འདུ་ནང་ ཞུ་ཡི།

འབུམ་སྡེ་གླིང་འཇམ་མཁར་གྱི་ འཐུས་མི་ གྲུབ་ཐོབ་ཀྱིས་ ཞུ་མིའི་ནང་ ལྷོ་མཚམས་རྫོང་ཁག་ཚུ་ནང་ འགྲོ་འགྲུལ་འབད་བའི་སྐབས་ ནང་འཁོད་ལས་ འཁོར་ལམ་མེད་ནི་དེ་གིས་ འབྲུག་པའི་སྣུམ་འཁོར་ཚུ་ རྒྱ་གར་གྱི་མངའ་སྡེ་ ནུབ་བེང་གཱལ་དང་ ཨ་སམ་བརྒྱུད་དེ་ འགྱོ་དགོཔ་ལས་ འཕྲལ་ཁམས་ཅིག་ཁར་ འབྲུག་པའི་སྣུམ་འཁོར་ཅིག་གིས་ ཐུག་རྐྱེན་ནང་ རྒྱ་གར་གྱི་མི་ལུ་ གནོད་སྐྱོན་རྐྱབ་མི་དེ་གིས་ སྣུམ་འཁོར་ཚུ་ མེ་བཏང་ཡི་ཟེར་ཞུ་ཡི།
དེ་སྦེ་ སྟབས་མ་བདེཝ་ཡོད་པའི་ ལོ་རྒྱུས་ཚུ་ ག་ར་གིས་ ཤེས་དོ་ཡོདཔ་ལས་ རྒྱལ་ཁབ་གཉིས་ཀྱི་བར་ན་ མཐུན་ལམ་དམ་ཟབ་ཡོད་མི་དེ་ མི་སེར་ཚུ་གིས་ མེདཔ་གཏང་ནི་གི་ཉེན་ཁ་ཡོདཔ་ལས་ གཞུང་གི་ཁ་ཐུག་ལས་ གཏན་འཇགས་ཀྱི་ཐབས་ལམ་ཅིག་ ག་དེ་སྦེ་ བཏོན་དོ་ཡོདཔ་ཨིན་ན་ཟེར་ ཞུ་ཡི།
བློན་པོ་ཌི་ཨེན་ དུང་གེལ་གྱིས་ རྒྱ་གར་གྱི་ ས་གནས་ཚུ་ནང་ལས་ འགྲོ་འགྲུལ་འབད་བའི་སྐབས་ སྟབས་མ་བདེཝ་ག་དེ་སྦེ་ བྱུང་དོ་ཡོདཔ་ཨིན་ནའི་སྐོར་ལས་ ལེགས་ཤོམ་སྦེ་ར་ ཤེས་རྟོགས་ཡོད་ཟེར་ཞུ་ཡི།
མ་གཞི་ གཞུང་གཉིས་ཀྱི་བར་ན་ སྟབས་མ་བདེཝ་མེད་དེ་འབད་རུང་ ས་གནས་ཀྱི་ མི་ཚུ་གིས་ ངོ་རྒོལ་གྱི་ཐོག་ལས་ སྟབས་མ་བདེཝ་བཟོ་ནི་དེ་གིས་ ཉེན་ཁ་ཡོདཔ་མ་ཚད་ ཁྲིམས་མཐུན་མེན་པའི་ ཁྲལ་བསྡུ་ལེན་འབད་མི་དེ་གིས་ཡང་ སྟབས་མ་བདེཝ་སྦོམ་འདུག་ཟེར་ཞུ་ཡི།
དེ་བཟུམ་མའི་ དཀའ་ངལ་ཚུ་ སེལ་ཐབས་དང་ དང་ལེན་འབད་ནིའི་དོན་ལུ་ རྒྱ་གར་དང་ འབྲུག་རྒྱལ་ཁབ་ཀྱི་ དྲུང་ཆེན་ཚུ་གིས་ ལོ་བསྟར་བཞིན་དུ་ ཞལ་འཛོམས་འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
ཉེ་འདབས་ལུང་ཕྱོགས་ཀྱི་ གྲོས་བསྟུན་ཞལ་འཛོམས་དེ་ བཀའ་ཁྲིམས་བཀོད་འཛིན་ལས་ཁུངས་ཀྱི་ འགོ་ཁྲིད་ཐོག་ལས་ ས་མཚམས་མངའ་སྡེའི་ གཞི་ཚོགས་ཚུ་དང་གཅིག་ཁར་ཡང་ གསུང་གྲོས་ཚུ་ གནང་ནི་ཡོདཔ་སྦེ་ བློན་པོ་གིས་ཞུ་ཡི།
དེ་མ་ཚད་ རྫོང་ཁག་དང་ དྲུང་ཁག་གི་ཁ་ཐུག་ལས་ རྒྱ་གར་གྱི་ མཉམ་འབྲེལ་བ་ཚུ་དང་གཅིག་ཁར་ ཞལ་འཛོམས་འཚོགས་ནི་ཡོད་ཟེར་ཨིན་པས།
གཞུང་གི་ཁ་ཐུག་ལས་ དེ་བཟུམ་འབད་དགོ་པའི་ གནད་དོན་དེ་ རྒྱལ་ཁབ་དང་ མི་སེར་ཚུ་ལུ་ སྟབས་མ་བདེཝ་ཚུ་ མི་འབྱུང་ནིའི་དོན་ལུ་ཨིནམ་བཞིན་དུ་ ཁྲིམས་སྲུང་འགག་སྡེ་ཚུ་གི་བར་ན་ཡང་ ཞལ་འཛོམས་ཚུ་ འཚོགས་ནི་ཡོད་ཟེར་ཞུ་ཡི།
དེ་བཟུམ་སྦེ་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་དང་ འབྲུག་བཀའ་ཁྲིམས་བཀོད་འཛིན་ཡིག་ཚང་གི་ ཁ་ཐུག་ལས་ མི་སེར་ཚུ་ལུ་ གོ་བ་བརྡ་སྤྲོད་ཀྱི་ ལས་རིམ་ཚུ་ཡང་ འགོ་འདྲེན་འཐབ་ནི་ཡོདཔ་སྦེ་ ཞུ་ཡི།
དེ་བཟུམ་མའི་ གནས་སྟངས་ཚུ་གི་སྐོར་ལས་ གཞུང་ལུ་ ཚ་གྱང་སྦོམ་ཡོད་ནི་དེ་གིས་ མ་འོངས་པ་ལུ་ ལེགས་ཤོམ་འགྱོ་ཚུགས་པའི་ རེ་བ་ཡོད་ཟེར་ བློན་པོ་ཌི་ཨེན་ དུང་གེལ་གྱིས་ ཞུ་ཡོད་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

ཆུ་ཁ་རྫོང་ཁག་གི་ འདེམས་ངོ་ཚུ་གིས་ ཁྲིམས་ལུགས་དང་ སྲིད་བྱུས་ཚུ་ བསྐྱར་ཞིབ་འབད་ནི་ལུ་ གཙོ་བོར་བཏོན་ཡོདཔ།

༉ ཆུ་ཁ་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་སྦེ་ དོ་འགྲན་འབད་མི་ འདེམས་ངོ་༤ པོ་ཆ་ར་གིས་ རྒྱལ་ཁབ་ཀྱི་ ཁྲིམས་ལུགས་དང་ སྲིད་བྱུས་ སྒྲིག་གཞི་ཚུ་ རྒྱལ་ཁབ་དང་མི་སེར་ལུ་ དགོས་མཁོ་ཡོད་མེད་དང་ ཕན་ཐོགས་ཡོད་མེད་ཀྱི་ ཞིབ་དཔྱད་འབད་ཞིནམ་ལས་ བསྐྱར་ཞིབ་འབད་ནི་ལུ་ …

Leave a Reply

Your email address will not be published. Required fields are marked *