༉ འབྲུག་གིས་ རྒྱ་ནག་ལུ་ འབྲུག་པའི་ས་ཁོངས་ནང་ འཁོར་ལམ་སེལ་མི་དེ་ ཆིངས་ཡིག་བཀོད་ཡོད་མིའི་ དགོངས་དོན་ཚུ་ལས་ ཐད་ཀར་དུ་ འགལ་ཡོདཔ་མ་ཚད་ རྒྱལ་ཁབ་གཉིས་ཀྱི་བར་ན་ ས་མཚམས་བཀལ་ནི་དང་འབྲེལ་བའི་བྱ་རིམ་ལུ་ ཐོ་ཕོག་པའི་སྐོར་ལས་ ཕྱི་འབྲེལ་དོན་གཅོད་ཀྱི་ བརྒྱུད་ལམ་ཐོག་ལས་ སླབ་ཡོདཔ་ཨིན་པས།
འབྲུག་གི་ཁ་ཐུག་ལས་ དོག་ལམ་ས་མཚམས་ཀྱི་ ས་ཁོངས་ནང་ སྤྱི་ལོ་༢༠༡༧ ཟླ་༦ པའི་ཚེས་༡༦ གི་ཧེ་མ་ཡོད་མི་ གནས་སྟངས་བཟུམ་སྦེ་ར་ གནས་ནི་གི་ རེ་བ་ཡོད་ཟེར་ ཁ་ཙ་ནུབ་མོར་ ཕྱི་འབྲེལ་ལྷན་ཁག་ལས་ གནས་ཚུལ་གསར་བཏོན་འབད་མིའི་ནང་བཀོད་ནུག།
དེ་ཡང་ འཕྲལ་ཁམས་ཅིག་ལས་ རྒྱལ་ཁབ་ཕྱི་ནང་གི་ བརྡ་བརྒྱུད་ཚུ་ནང་ དོག་ལམ་ས་ཁོངས་ནང་ འབྲུག་དང་རྒྱ་ནག་གི་ ས་མཚམས་སྐོར་ལས་ དྲི་བ་ལེ་ཤ་བཀོད་མི་དང་འཁྲིལ་ ཕྱི་འབྲེལ་ལྷན་ཁག་གིས་ གནད་དོན་ཚུ་ གསལ་བཤད་འབདཝ་ཨིན་པས།
སྤྱི་ཟླ་༦ པའི་ཚེས་༡༦ ལུ་ རྒྱ་ནག་གི་ དམག་མི་གིས་ དོག་ལམ་ས་ཁོངས་ནང་ རྡོ་དཀར་ལ་ལས་སྦེ་ འཛོམས་དཔལ་རི་ལུ་ འབྲུག་གི་དམག་སྒར་ཁ་ཐུག་ལུ་ འཁོར་ལམ་སེལ་ནི་ འགོ་བཙུགས་ནུག་ཟེར་ཨིན་པས།
འབྲུག་དང་ རྒྱ་ནག་གི་བར་ན་ ས་མཚམས་གསུང་གྲོས་ཚུ་ གནང་པའིབསྒང་ཡོདཔ་མ་ཚད་ ང་བཅས་ལུ་ཡོད་མི་ སྤྱི་ལོ་༡༩༨༨ དང་༡༩༩༨ ཀྱི་ ཡིག་ཐོག་ཆིངས་ཡིག་ཚུ་ནང་ རྒྱལ་ཁབ་གཉིས་ཆ་རའི་ ཁ་ཐུག་ལས་ རང་སོའི་ས་མཚམས་ཚུ་ནང་ ཞི་བདེ་དང་ སྐྱིད་ཧིང་ཚུ་ རྒྱུན་སྐྱོང་འཐབ་ནི་དང་ ས་མཚམས་སྐོར་ལས་ སྤྱི་ལོ་༡༩༥༩ ཟླ་༣ པའིཧེ་མར་ གནས་དོ་བཟུམ་སྦེ་ར་ གནས་སྟངས་རང་འཇགས་ རྒྱུན་འཛིན་འབད་དགོཔ་སྦེ་ གསལ་བཀོད་འབད་དེ་ཡོད་ཟེར་ཨིན་པས།
གན་ཡིག་ཚུ་ནང་ ས་མཚམས་ཀྱི་གནས་སྟངས་ བསྒྱུར་བཅོས་འབད་ནིའི་དོན་ལུ་ ཕྱོགས་གཉིས་ཆ་ར་གིས་ ཕྱོགས་གཅིག་གི་ ལག་ལེན་དང་ ཡང་ཅིན་ དབང་ཤུགས་བཙོང་ནི་ཚུ་ལས་ འཛེམ་དགོཔ་སྦེ་ བཀོད་དེ་ཡོད་ཟེར་ ཕྱི་འབྲེལ་ལྷན་ཁག་གི་ གནས་ཚུལ་གསར་བཏོན་ནང་ བཀོད་ཡོད་པའི་གནས་ཚུལ།
Check Also
ཆུ་ཁ་རྫོང་ཁག་གི་ འདེམས་ངོ་ཚུ་གིས་ ཁྲིམས་ལུགས་དང་ སྲིད་བྱུས་ཚུ་ བསྐྱར་ཞིབ་འབད་ནི་ལུ་ གཙོ་བོར་བཏོན་ཡོདཔ།
༉ ཆུ་ཁ་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་སྦེ་ དོ་འགྲན་འབད་མི་ འདེམས་ངོ་༤ པོ་ཆ་ར་གིས་ རྒྱལ་ཁབ་ཀྱི་ ཁྲིམས་ལུགས་དང་ སྲིད་བྱུས་ སྒྲིག་གཞི་ཚུ་ རྒྱལ་ཁབ་དང་མི་སེར་ལུ་ དགོས་མཁོ་ཡོད་མེད་དང་ ཕན་ཐོགས་ཡོད་མེད་ཀྱི་ ཞིབ་དཔྱད་འབད་ཞིནམ་ལས་ བསྐྱར་ཞིབ་འབད་ནི་ལུ་ …