༉ ཕྱིར་ཚོང་དང་ ནང་འདྲེན་ལུ་བརྟེན་པའི་ འབྲུག་པའི་དོ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊཱག་༣༠༠ དེ་ཅིག་ རྒྱ་གར་གྱི་ས་མཚམས་ཁར་ ཐོགས་ལུས་ཡོདཔ་ཨིན་པས།
དེ་ཡང་ རྒྱ་གར་ལུ་ ཅ་དངོས་དང་ཞབས་ཏོག་གི་ཁྲལ་ འགོ་བཙུགས་པའི་ཤུལ་ལས་ ས་མཚམས་ཁྲོམ་ཁའི་ ཅ་དམ་ཡིག་ཚང་ནང་ ཚུལ་མཐུན་གྱི་ ཞབས་ཏོག་མེད་མི་ལུ་བརྟེན་ དུས་ཡུན་རིངམོ་སྦེ་ ཐོགས་ལུས་དོ་ཡོདཔ་ཨིན་པས།
དཀའ་ངལ་དེ་ཡང་ སྤྱི་ཟླ་༧ པའི་ནང་ ཁྲལ་གྱི་ལམ་ལུགས་གསརཔ་ འགོ་བཙུགས་པའི་ཤུལ་ལུ་་ འཐོན་ནི་འགོ་བཙུགས་ཡོད་རུང་ འདས་པའི་བདུན་ཕྲག་ནང་ལས་ གནས་སྟངས་དེ་ ལྷག་པར་དུ་ སྐྱོ་དྲགས་ཐལ་ཡོདཔ་ཨིན་པས།
གནད་དོན་དེ་ལུ་བརྟེན་ ཇའི་སྒང་ལས་འགོ་བཙུགས་ ཧ་ཤི་མ་ར་ཚུན་ དོ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊཱག་ཚུ་ འཁོར་ལམ་གྱི་མཐའམ་བདའ་སྟེ་ གྱལ་བསྣར་ཏེ་ཡོདཔ་ད་ ཀལ་ཆི་ནི་གི་གཙོ་འཛིན་ ར་ཇིཤ་ ཨ་གར་ཝཱལ་གྱིས་ སླབ་མིའི་ནང་ ད་ལྟོའི་གནས་སྟངས་དེ་ ཅ་དམ་ཡིག་ཚང་ནང་ ལམ་ལུགས་ཀྱི་དཀའ་ངལ་ལུ་བརྟེན་ ཐོན་ཏེ་ཡོད་ཟེར་ ཨིན་པས།
ཁོ་གིས་ སླབ་མིའི་ནང་ རྒྱ་གར་གཞུང་གི་ བཀའ་རྒྱ་དང་འཁྲིལ་ཏེ་ ལཱ་འབད་དོ་ཟེར་ཨིནམ་ད་ གནད་དོན་དེའི་སྐོར་ལས་ ཨ་ལི་པུར་མངའ་སྡེའི་སྤྱི་ཁྱབ་ལུ་ ཞུ་ཡིག་བཙུགས་ཏེ་ཡོད་ཟེར་ ཨིན་པས།
ཀལ་ཆི་ནི་གི་གཙོ་འཛིན་གྱིས་ སླབ་མིའི་ནང་ དཀའ་ངལ་དེ་གིས་ འབྲུག་དང་ རྒྱ་གར་གྱི་ ཚོང་འབྲེལ་འཐབ་མི་གཉིས་ཆ་ར་ལུ་ གནོད་པ་བྱུང་སྟེ་ཡོད་ཟེར་ཨིནམ་ད་ དཀའ་ངལ་དེ་གིས་ གཅིག་ལུ་གནོདཔ་ད་ གཞན་ལུ་ཡང་ གནོདཔ་མས་ཟེར་ ཁོ་གིས་བཤད་ཅི།
ར་ཇིཤ་ ཨ་གར་ཝཱལ་གྱིས་ འབྲུག་གཞུང་གིས་ཡང་ གནད་དོན་དེའི་སྐོར་ལས་ གཞུང་ལུ་ ཨུ་ཚུགས་རྐྱབ་དགོ་ཟེར་ཨིནམ་ད་ སྤྱི་ཟླ་༨ པའི་ཚེས་༢༤ ལུ་ རྒྱ་འབྲུག་གི་ འགོ་དཔོན་ཚུའི་བར་ན་ གནད་དོན་དེ་གི་ཐོག་ལུ་ ཞལ་འཛོམས་འཚོགས་ཡོདཔ་ཨིན་པས།
ཞལ་འཛོམས་ཀྱི་སྐབས་ལུ་ འབྲེལ་བ་ཡོད་པའི་དབང་འཛིན་ཚུ་གི་བར་ན་ འཕྲལ་མགྱོགས་ར་ ཞལ་འཛོམས་འགོ་འདྲེན་འཐབ་ནི་སྦེ་ གྲོས་ཐག་བཅད་ཡོདཔ་ད་ དེ་ནང་ རྒྱ་འབྲུག་གི་ འབྲེལ་བ་ཡོད་མི་ཚུ་གིས་ བཅའ་མར་གཏོགས་ནི་ཨིན་པས།
འབྲུག་པའི་འགོ་དཔོན་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཞལ་འཛོམས་དེའི་སྐབས་ལུ་ རྒྱ་འབྲུག་གི་ཧོང་ལས་ གྲོས་འཆར་ངོ་མ་ཅིག་ ས་ཐོག་འགྲོ་འགྲུལ་འབད་མི་ཚུ་ལུ་ མཐུན་རྐྱེན་ཚུ་ ལེགས་ཤོམ་དགོ་པའི་སྐོར་ལས་ བཙུགས་འོང་ཟེར་ཨིན་པས།
ད་ལྟོའི་ གནས་སྟངས་ནང་འབད་བ་ཅིན་ ཅ་དམ་ཡིག་ཚང་ནང་ ནང་འདྲེན་དང་ ཕྱིར་ཚོང་གི་དོན་ལུ་ གློག་རིག་ཀམ་པུས་ཊར་རེ་ལས་བརྒལ་ མིན་འདུག་ཟེར་ཨིན་པས།
ཞལ་འཛོམས་ཀྱི་སྐབས་ལུ་ ཇའི་སྒང་དང་ ཀཱོལ་ཀ་ཊ་ དེ་ལས་ སི་ལི་གུ་རི་གི་ ཅ་དམ་གྱི་འགོ་དཔོན་ཚུ་ཡང་ བཅའ་མར་གཏོགས་བཅུག་ནིའི་ འཆར་གཞི་ཚུ་ཡོདཔ་ཨིན་པས།
ལོ་རྒྱུས་དང་འཁྲིལཝ་ད་ ཅ་དམ་ཡིག་ཚང་གིས་ དོ་སྐྱེལ་འདྲེན་འབད་མི་ཚུ་ལུ་ ཉོགས་མེད་ཡིག་གུ་བྱིན་ནི་ལུ་ དཀའ་ངལ་ཐོན་ཏེ་འདུག་ཟེར་ཨིནམ་ད་ སྣུམ་འཁོར་ལ་ལོ་ཅིག་ལུ་ ཉོགས་མེད་ཡིག་གུ་༤༠ དང་༥༠ འི་བར་ན་ བཟོ་དགོཔ་ཡོདཔ་ལས་ དུས་ཚོད་འགོར་ཏེ་འདུག་ཟེར་ ཨིན་པས།
དཀའ་ངལ་དེ་གིས་ དཔག་བསམ་ཁ་ལུ་ཡོད་མི་ བཟོ་གྲྭ་ཁང་ཚུ་ནང་ ཕྱིར་ཚོང་དང་ ནང་འདྲེན་འབད་མི་ཚུ་ལུ་ དཀའ་ངལ་བྱིན་ཏེ་ཡོདཔ་ད་ བཟོ་གྲྭ་འཕྲུལ་ཁང་ལ་ལོ་ཅིག་ནང་ ལཱ་ཚུ་མཚམས་འཇོག་འབད་དེ་ བཞག་ཡོདཔ་ཨིན་པས།
འབྲུག་གི་ སྣུམ་འཁོར་ཊཱག་ཚོགས་ཆུང་གི་ངོ་ཚབ་ བི་བི་ ཏ་མི་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོང་གི་ཚོང་འབྲེལ་ལུ་ དཀའ་ངལ་དེ་གིས་ ཐོ་ཕོག་སྟེ་ཡོད་ཟེར་ བཤད་ཡོདཔ་ད་ ཁོ་གིས་ རྒྱ་གར་ལས་ ཅ་ཆས་ཚུ་ ལྷོད་ནི་མེདཔ་ལས་ ཚོང་འབྲེལ་འབད་ཐབས་མིན་འདུག་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ གནས་སྟངས་དེ་ འཕྲོ་མཐུད་དེ་སྡོད་པ་ཅིན་ འབྲུག་པའི་དཔལ་འབྱོར་གྱི་གནས་སྟངས་ལུ་ ཐོ་ཕོག་ནིའི་ཉེན་ཁ་ཡོདཔ་ལས་ འཕྲལ་མགྱོགས་ར་ སེལ་དགོཔ་འདུག་ཟེར་ ཨིན་པའི་གནས་ཚུལ།
སྐད་སྒྱུར་ བཀྲིས་བསྟན་འཛིན།