འབྲུག་པའི་ཐོན་སྐྱེད་ཚུ་ལུ་ མོ་བཏབ་ཐོག་ལས་ ཚོང་རྟགས་བྱིན་ཏེ་ ཚོང་འབྲེལ་འཐབ་ནི།

༉ འབྲུག་པའི་ཐོན་སྐྱེད་ཚུ་ ཚོང་འབྲེལ་ཡར་དྲག་གཏང་ཐབས་ལུ་ ཨེ་ཤི་ཡ་ལུང་ཕྱོགས་ལས་ཁང་དང་མཉམ་འབྲེལ་ཐོག་ལས་ འབྲུག་པའི་ཐོན་སྐྱེད་དག་པ་ཅིག་ ངོས་འཛིན་འབད་ཞིནམ་ལས་ མོ་བཏབ་ཐོག་ལས་ ཚོང་འབྲེལ་འཐབ་ནི་ཨིན་པས།
ཁ་ཙ་ ཉིནམ་༡ གི་རིང་ བསྟན་རྒྱས་ལྷན་ཁག་འོག་གི་ བློ་རིག་རྒྱུ་དངོས་ལས་ཁུངས་དང་ རྒྱལ་སྤྱི་ལས་ ཚོང་རྟགས་དང་ངོ་རྟགས་ གྲོས་སྟོན་པ་དང་གཅིག་ཁར་ གྲོས་བསྟུན་ཞལ་འཛོམས་ཅིག་འཚོགས་པའི་སྐབས་ གནད་དོན་དེའི་སྐོར་ལས་ ལོ་རྒྱུས་ཐོན་ཡི།
གྲོས་འཛོམས་དེ་ཡང་ བློ་རིག་རྒྱུ་དངོས་ཚུ་ ཚོང་རྟགས་དང་ངོ་རྟགས་ཚུ་གི་ཐོག་ལས་ ལས་འགུལ་བཟོ་སྟེ་ ཚོང་འབྲེལ་རྩ་བརྟན་བཟོ་ནིའི་དོན་ལུ་ གྲོས་བསྟུན་ཚུ་འབད་ཡི།
བློ་རིག་རྒྱུ་དངོས་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ ཀརྨ་ཊི་དབང་ཕྱུག་གིས་ ཞལ་འཛོམས་སྐབས་ ཉོ་མི་ཚུ་གི་ དང་འདོད་དང་འཁྲིལ་བའི་ དུས་སྐབས་ནང་ ཐོན་སྐྱེད་ཚུ་ག་ཅི་ཨིན་རུང་ ལེགས་ཤོམ་སྦེ་ བཟོ་བཀོད་འབད་དེ་མེད་པ་ཅིན་ ཚོང་འབྲེལ་འཐབ་ནི་ལུ་ ལཱ་ཁག་འདུག་ཟེར་བཤད་ཅི།
ཨེ་ཤི་ཡ་ལུང་ཕྱོགས་ལས་ཁང་གི་མདོ་ཆེན་ ཨེན་ཌིའུ་ ཨཱོང་གིས་ ལས་ཁང་གི་ འཐུས་མི་རྒྱབ་ཁབ་ཚུ་གིས་ ཐོན་སྐྱེད་ཀྱི་རིགས་ཚུ་ ཚོང་འབྲེལ་ས་ཁོངས་ནང་ དོ་འགྲན་འབད་བཅུག་ནིའི་དོན་ལུ་ གྲོགས་རམ་ཚུ་ འབད་ནི་ཨིན་ཟེར་བཤད་ཅི།
རྒྱལ་སྤྱི་གྲོས་སྟོན་པ་ གཱིའུ་ལོ་ ཟ་ནིད་ཏི་གིས་ འབྲུག་ལུ་ཐོན་སྐྱེད་མ་འདྲཝ་ཚུ་ བཟོ་ནིའི་དོན་ལུ་ རང་བཞིན་གྱི་རྒྱུ་དངོས་ཚུ་ རྒྱ་ཆེ་དྲགས་སྦེ་འདུག་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ རྒྱལ་སྤྱིའི་གནས་སྟངས་དེ་ དཔལ་འབྱོར་དང་འཁྲིལ་དགོཔ་ལས་ འབྲུག་རྒྱལ་ཁབ་ཀྱི་ ཚོང་འབྲེལ་ནང་ དོ་འགྲན་འབྱུང་དོ་ཟེར་ཨིན་པས།
ཐོན་སྐྱེད་ཚུ་གི་ ཚེ་ཚད་དེ་ ཐུང་ཀུ་ཅིག་ལས་མེད་ནི་དེ་གིས་ བཟོ་བཀོད་གསརཔ་བཟོ་ཡི་ར་ ཚོང་འབྲེལ་འཐབ་ནི་དེ་ གལ་ཆེ་ཟེར་ ཁོ་གིས་བཤད་ཅི།
གྲོས་སྟོན་པ་གིས་ སླབ་མིའི་ནང་ ཐོན་སྐྱེད་ཚུ་ བཟོ་བཀོད་འབད་བའི་སྐབས་ སྤུས་ཚད་དང་བཟོ་བཀོད་ ལེགས་ཤོམ་མེད་པ་ཅིན་ ཚོང་བསྒྱུར་འཐབ་ནིའི་ནང་ ལཱ་ཁག་འོང་ནི་ཨིནམ་ད་ ཚོང་རྟགས་དང་ རང་གི་རིག་རྩལ་ཚུ་ ཉེན་སྲུང་མ་འབད་བ་ཅིན་ མི་གཞན་གྱིས་ ཡུདཔ་ཐེངས་ཅིག་ནང་ དཔེ་བལྟ་སྟེ་ ཚོང་འབྲེལ་འཐབ་ནིའི་ ཉེན་ཁ་སྦོམ་ཡོད་ཟེར་ཨིན་པས།
གྲོས་འཛོམས་ནང་ བཅའ་མར་གཏོགས་མི་ ལས་ཁུངས་ཀྱི་ལས་བྱེདཔ་དང་ ཐོན་སྐྱེད་བཟོ་སྟེ་ཚོང་འབྲེལ་འཐབ་མི་ཚུ་ལུ་ ཐོན་སྐྱེད་ཚུ་ མ་བཟོ་བའི་ཧེ་མར་ དང་པ་ར་ ག་དེ་སྦེ་ ག་ཏེ་ལུ་ ཚོང་འབྲེལ་འཐབ་ནི་ཨིན་ན་ཚུ་ ཞིབ་འཚོལ་ལེགས་ཤོམ་འབད་ནི་དེ་ གལ་ཆེ་ཟེར་ གྲོས་སྟོན་པ་གིས་བཤད་ཅི།
བློ་རིག་རྒྱུ་དངོས་ལས་ཁུངས་ཀྱི་ བློ་རིག་རྒྱུ་དངོས་འགོ་དཔོན་ བི་ནོཐ་ པར་དཱན་གྱིས་ སླབ་མིའི་ནང་ འབྲུག་པའི་ཐོན་སྐྱེད་ཚུ་ ཚོང་བསྒྱུར་ལེགས་ཤོམ་སྦེ་ འཐབ་མ་ཚུགས་མི་དེ་ ད་ལྟོ་ཡོད་མི་ཐོན་སྐྱེད་མང་ཤོས་ར་ ཚོང་རྟགས་མེད་པའི་ཁར་ ཡོད་མི་ཚུ་ཡང་ བྱང་ཉེས་ཨིནམ་ལས་ རྒྱལ་སྤྱིའི་གནས་ཚད་ནང་ ཚོང་བསྒྱུར་འཐབ་མ་ཚུགས་པས་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ མ་འོངས་པའི་ནང་ ཚོང་འབྲེལ་འཐབ་འདོད་ཡོད་མི་ ཐོན་སྐྱེད་ཚུ་གིས་ ཚོང་རྟགས་དང་ངོ་རྟགས་ལ་སོགས་པའི་ ཚོང་འབྲེལ་དང་འབྲེལ་བའི་ལཱ་ འབད་མི་ཚུ་གིས་ ཞབས་ཏོག་ཚུ་ག་ར་ ས་ཁོངས་ཅིག་ནང་ལས་ འཐོབ་ཚུགསཔ་བཟོ་ཐབས་ལུ་ གློག་རིག་ཐོག་ལས་ ཐོ་བཀོད་འབད་ནིའི་ ལམ་ལུགས་ཅིག་ འགོ་བཙུགས་ནིའི་ འཆར་གཞི་ཚུ་ཡོདཔ་ལས་ དེ་གིས་ ལྷན་ཐབས་འབད་ཚུགསཔ་འོང་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ལས་ཁུངས་ནང་ ཚོང་རྟགས་དང་ངོ་རྟགས་དོན་ལུ་ ཐོ་བཀོད་འབད་མི་༡༧,༧༥༠ འོང་མི་ལས་ འབྲུག་མི་༢༠༤ ལས་ མ་ཐོན་མི་དེ་གིས་ འབྲུག་མི་ཚུ་གིས་ ཚོང་རྟགས་བཟོ་ནིའི་ནང་ སྤྲོ་བ་སྦོམ་མེད་པའི་ བརྡ་མཚོན་ཨིན་མས་ཟེར་བཤད་ཅི།
དེ་བཟུམ་སྦེ་ བཟོ་གྲྭ་དང་འབྲེལ་བའི་ ཚོང་རྟགས་དོན་ལུ་ ཐོ་བཀོད་འབད་མི་༡༩ གི་གྲས་ལས་ འབྲུག་མི་༦ ལས་བརྒལ་མེདཔ་ཨིན་པས།
ལས་ཁུངས་ཀྱིས་ འབྲེལ་ཡོད་ལས་སྡེ་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་བའི་ཤུལ་ལས་ འབྲུག་པའི་ཐོན་སྐྱེད་ཚུ་ མོ་བཏབ་དོན་ལུ་ ཚོང་བསྒྱུར་འཐབ་ནི་ཨིན་པས།
ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ མོ་བཏབ་ཚོང་བསྒྱུར་དེ་ འགོ་དང་པ་ར་ རྒྱལ་ཁབ་ནང་འཁོད་ལུ་ ཚོང་རྟགས་ཚུ་བྱིན་ཐོག་ལས་ འབད་བལྟ་ནི་ཨིན་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *