༉ ཐིམ་ཕུག་ ལྕང་གླིང་མི་ཐང་གི་ རྒྱལ་ཡོངས་མདའ་རྩེད་ཐང་ནང་སྦེ་ རང་ལུགས་སྤག་ཤིང་ཐོག་ལས་ ལོ་བསྟར་འགོ་འདྲེན་འཐབ་སྲོལ་ཡོད་མི་ འབྲུག་དབང་རྒྱལ་མདའ་རྩེད་འགྲན་བསྡུར་ནང་ རྒྱལ་ཁབ་ནང་འཁོད་ལས་ དོ་འགྲན་འབད་མི་ སྡེ་ཚན་༣༣ ཐོན་ཡོདཔ་ཨིན་པས།
རྩེད་འགྲན་དེ་ཡང་ སྤྱི་ཟླ་༡༡ པའི་ཚེས་༡༥ ལས་ འགོ་བཙུགས་ཡོདཔ་བཞིན་དུ་ ན་ཧིང་ སྡེ་ཚན་༣༢ ཀྱིས་བཅའ་མར་གཏོགས་མི་དང་ཕྱདཔ་ད་ དུས་ཅི་ སྡེ་ཚན་༡ ཡར་སེང་སོང་ནུག།
སྤྱི་ཟླ་༡༡ པའི་ཚེས་༢༡ ལུ་ གུ་རུ་དགྲ་ལྷ་དང་ གདུང་སྨིན་རྒེད་འོག་སྡེ་ཚན་༢ ཀྱི་བར་ན་ དོ་འགྲན་འབདཝ་ད་ སྐུགས་རེ་རེ་ཆོད་ཡོདཔ་ལས་ རྒྱལ་ཕམ་ཕྱེ་མ་ཚུགས་པར་ ཁ་ཙ་ འཕྲོ་མཐུད་རྩེད་འགྲན་འབད་བའི་སྐབས་ གུ་རུ་དགྲ་ལྷ་སྡེ་ཚན་གྱིས་ སྐུགས་༣ པམ་ཆོད་དེ་ རྒྱལ་ཁ་ཐོབ་ཅི།
མ་གཞི་ གདུང་སྨིན་སྡེ་ཚན་གྱིས་ ཉིནམ་དང་པའི་ནང་ རྩེད་འགྲན་ལེགས་ཤོམ་འབད་དེ་ སྐུགས་༡ ཆོད་ཚུགས་རུང་ ཁ་ཙ་ སྐུགས་༣ པའི་དོན་ལུ་རྩེད་འགྲན་འབདཝ་ད་ སྐུགས་༢ ལས་བརྒལ་ ཐོབ་ཚུགསཔ་ལས་ ཕམ་སོ་ཡི།
དེ་བཟུམ་སྦེ་ ལྕང་གླིང་མི་ཐང་གི་ ལྟག་གི་འབའ་སྐྱོར་ནང་ སྤ་རོ་ཡུ་ནའི་ཊེཊ་དང་ མོང་སྒར་རྒྱལ་བབ་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབདཝ་ད་ སྤ་རོ་ཡུ་ནའི་ཊེཊ་གིས་ སྐུགས་༢ སྦྱེལཝ་སྦྱེལ་སར་ཆོད་དེ་ རྒྱལ་ཁ་ཐོབ་ཅི།
སྡེ་ཚན་གྱིས་ སྐུགས་དང་པ་ཆོད་པའི་སྐབས་ མོང་སྒར་སྡེ་ཚན་གྱིས་ སྐུགས་༢༢ དང་ སྐུགས་༢ པམ་དེ་ཆོད་པའི་སྐབས་ལུ་ སྐུགས་༡༣ ལས་བརྒལ་ ཐོབ་མ་ཚུགས་པས།
དུས་ཅི་གི་ རྩེད་འགྲན་ནང་ ན་གཞོན་དང་ རྒན་ཤོས་ཚུ་གིས་ཡང་ རང་ལུགས་མི་ཉམས་གོང་འཕེལ་བཏང་ཐབས་ལུ་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ ལྟདམོ་བལྟ་བར་ འོང་མི་ཚུ་ཡང་ ཕྱི་རྒྱལ་མདའ་གཞུའི་ རྩེད་འགྲན་དང་ཕྱདཔ་ད་ རང་ལུགས་ཀྱི་ རྩེད་འགྲན་ནང་ མང་སུ་འོང་དོ་ཡོདཔ་ཨིན་པས།
ལྟདམོ་བལྟ་བར་འོང་མི་ སྐྱེས་ལོ་༥༠ ང་གྲངས་ནང་འབད་མི་ རྡོ་རྗེ་གིས་འབད་བ་ཅིན་ དུས་ཅི་འབདཝ་ད་ ལོ་༣ དེ་ཅིག་ ལྟདམོ་བལྟ་བར་འོང་ཡི་ཟེར་ཨིནམ་ད་ ཁོ་གི་བསམ་འཆར་ལས་འབད་བ་ཅིན་ རང་ལུགས་ཀྱི་ མདའ་རྩེད་དེ་ གོང་འཕེལ་འགྱོ་དོ་བཟུམ་ འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྤྱིར་བཏང་ རང་ལུགས་ཀྱི་ མདའ་རྩེད་འགྲན་བསྡུར་ནང་ རྒན་རིམ་སྡེ་ཚན་ཚུ་གིས་ བཅའ་མར་གཏོགས་དོ་ཡོད་རུང་ ད་རེས་ནངས་པར་ ན་གཞོན་ཚུ་གིས་ཡང་ བཅའ་མར་གཏོགསཔ་མས་ཟེར་ཨིན་པས།
རྒྱལ་ཁབ་ནང་ རང་ལུགས་ཀྱི་ རྩེད་རིགས་ ཡར་དྲག་གཏང་ཐབས་ལུ་དམིགས་ཏེ་ འབྲུག་རང་ལུགས་རྩེད་རིགས་ཚོགས་པ་གིས་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
རྩེད་རིགས་ཚོགས་པའི་འགོ་དཔོན་ཚུ་གིས་ འབད་བ་ཅིན་ ད་རེས་ རྒྱལ་ཁབ་ནང་ ཧེ་མ་ཕྱདཔ་ད་ རྩེད་འགྲན་དེ་ལུ་བརྟེན་ རངལུགས་ཀྱི་ རྩེདམོ་དེ་ ཡར་དྲག་སོང་ཡོདཔ་བཞིན་དུ་ རྩེད་འགྲན་དེ་ནང་ བཅའ་མར་གཏོགས་མིའི་ གྱངས་ཁ་ཡང་ ལོ་བསྟར་བཞིན་དུ་ ཡར་སེང་འགྱོཝ་མས་ཟེར་ཨིན་པས།
སྤྱི་ལོ་༢༠༡༧ ལུ་ རྩེད་འགྲན་ནང་ལས་ འབྲུག་མཁའ་འགྲུལ་སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་ཡོད་པའི་ཁར་ བུ་དིསི་ཨརཊ་ཟེར་མི་སྡེ་ཚན་གྱིས་ ཨང་༢ པ་ཐོན་ཡོདཔ་ཨིན་པས།
ད་རིས་ ཤརཔ་ཤུ་ཊར་སྡེ་ཚན་དང་ དགྲ་མེད་རྩེ་རྒེད་འོག་ ཆུ་ཁ་རྟ་ལ་ཡུ་ནའི་ཊེཊ་ ཀུན་མཆོག་རྣམ་རྒྱལ་སྡེ་ཚན་ཚུ་གི་བར་ན་ རྩེད་འགྲན་འབད་ནི་ཨིནམ་ད་ མཐའ་བཅད་འགྲན་བསྡུར་དེ་ སྤྱི་ཟླ་༡༢ པའི་ཚེས་༢༢ དང་༢༣ ལུ་ རྩེད་ནིའི་ ལས་འཆར་འདུག།
འབྲུག་དབང་རྒྱལ་མདའ་རྩེད་འགྲན་བསྡུར་དེ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་ལུ་ གུས་བཏུད་དང་ བཀྲིན་རྗེས་སུ་དྲན་ནིའི་དོན་ལུ་ སྤྱི་ལོ་༢༠༡༤ ལུ་ འགོ་བཙུགས་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།