༉ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེ་གིས་ གྲོས་བསྡུར་འབད་བའི་ཤུལ་ལས་ འབབ་ཁུངས་ཐོག་གི་ ཁྲལ་རིགས་ལུ་བརྟེན་པའི་ ཁྲལ་གཉིས་བརྩེགས་མི་འགྱོ་ནིའི་ཐབས་ལམ་དང་ དངུལ་ཁུངས་ཟུར་ཐབས་ལས་སྔོན་འགོག་དོན་ལུ་ འབྲུག་གཞུང་དང་ བང་ལ་དེཤི་གཞུང་གི་བར་ན་བཟོ་མི་ གན་རྒྱ་དེ་ ཆ་འཇོག་གནང་ཡི།
དེ་ཡང་ ཁ་ཙ་དྲོ་པ་ གན་རྒྱ་དེ་ ཆ་འཇོག་མ་འབད་བའི་ཧེ་མར་ རྒྱལ་ཡོངས་ཚོགས་སྡེའི་ ཕྱི་འབྲེལ་ལས་འབྲེལ་ཚོགས་ཆུང་གི་ཁྲི་འཛིན་ བཀྲིས་སྒང་གི་འཐུས་མི་ ལྷ་ཀྲུ་གིས་ གན་རྒྱའི་ སྤྱིར་བཏང་གི་ ཕན་ཁྱད་དང་གཅིག་ཁར་ རྒྱབ་ཁུངས་དང་བཅས་པའི་ཁ་གསལ་ཚུ་ ཚོགས་དམངས་ལུ་ ཞུ་བའི་ཤུལ་ལས་ འཐུས་མི་དག་པ་ཅིག་གིས་ དངུལ་རྩིས་བློན་པོ་ རྣམ་རྒྱལ་རྡོ་རྗེ་ལུ་ གན་རྒྱ་དང་འབྲེལ་བའི་ དྲི་བཀོད་འབད་ཡི།
འཐུས་མི་ཚུ་གི་གྲས་ལས་ དང་པ་ར་ ཁྱད་ལྡན་གྱི་འཐུས་མི་ ཀརྨ་ཚེ་རིང་གིས་ མ་གཞི་ གན་རྒྱ་དེ་ལུ་བརྟེན་ ཕན་ཐོགས་སྦོམ་ཡོད་རུང་ དེ་དང་འབྲེལ་བའི་གནོད་པ་ཡང་ ག་ཅི་ཡོད་ག་ཟེར་ ཞུ་བའི་ལན་ལུ་ མགར་སའི་འཐུས་མི་ རྡོ་རྗེ་མཁའ་འགྲོ་གིས་ གན་རྒྱ་དེ་ནང་ རྒྱལ་སྤྱའི་ལག་ལེན་དང་འཁྲིལ་ ཁེ་ཕན་གྱི་ཚད་གཞི་མ་ཚུད་པའི་ཁར་ གན་རྒྱ་དེ་ནང་ ཤེས་རིག་གི་དོན་ཚན་ནང་ སློབ་དཔོན་ཞིབ་འཚོལ་པ་ཚུ་ རྐྱངམ་གཅིག་ཚུད་ཡོདཔ་ལས་ དེ་ནང་ མཁས་དབང་གཞན་དང་ ཤེས་ཡོན་སྦྱང་མི་ཚུ་ཡང་ ཚུད་དགོཔ་འདུག་ཟེར་ཞུ་ཡི།
དེ་ལས་ རྩི་རང་གི་འཐུས་མི་ དཱན་ཀུ་མར་ སཱུན་ཝར་གྱིས་ གན་རྒྱ་དེ་གི་ དམིགས་ཡུལ་ཅིག་ ཕྱིའི་མ་རྩ་ གཞི་བཙུགས་འབད་ནི་དེ་ཨིནམ་ད་ ད་རེས་ནངས་པར་ རྒྱལ་ཁབ་ནང་ ན་གཞོན་ལཱ་གཡོག་མེད་པའི་ དཀའ་ངལ་ཡོདཔ་ལས་ དེ་སེལ་ཐབས་འབད་ནི་ལུ་ འཕྲལ་མགྱོགས་ཀྱི་འཆར་གཞི་ ག་ཅི་བཟུམ་ཅིག་ཡོད་ག་ཟེར་ ཞུ་ཡི།
དངུལ་རྩིས་བློན་པོ་གིས་ གན་རྒྱ་དེ་གིས་ ཕན་པ་མང་སུ་ཡོདཔ་མ་གཏོགས་ གནོད་པ་ཟེར་རུང་ ད་རེས་ནངས་པར་ རྒྱལ་ཁབ་༢ ཀྱི་བར་ན་ འབྲེལ་བ་འཐབ་བཞིན་དུ་ཡོད་པའི་ མང་ཤོས་སློབ་དཔོན་དང་ དྲུང་འཚོ་ བཟོ་སྐྲུན མཁའ་འགྲུལ་གྱི་ཞབས་ཏོག་ཚུ་ནང་ཨིནམ་ལས་ རྒྱལ་ཁབ་ནང་འབད་རུང་ ཁྲལ་མི་འཐོབ་ཟེར་ཨིན་པས།
དངུལ་རྩིས་བློན་པོ་གིས་འབད་བ་ཅིན་ ད་རེས་ནངས་པར་ གན་རྒྱ་ལུ་བརྟེན་ རྒྱལ་ཁབ་ནང་ བང་ལ་དེཤ་ལས་ ཚོང་འབྲེལ་འཐབ་མི་ སའུ་ཊེག་བུ་ཊཱན་ཟེར་མི་ བརྡ་དོན་འཕྲུལ་རིག་གི་ ལས་སྡེ་རྐྱངམ་གཅིག་ཡོདཔ་ལས་ ཁྲལ་དགོངས་ཡངས་གཏང་པ་ཅིན་ གན་རྒྱ་དེ་དང་འབྲེལ་བའི་ ཞབས་ཏོག་ལག་ལེན་འཐབ་མིའི་གྱངས་ཁ་ཡང་ ཡར་འཕར་འགྱོ་འོང་ཟེར་ཨིན་པས།
དེ་ལས་ དངུལ་རྩིས་བློན་པོ་གིས་ དྲི་བ་གཞན་གྱི་ལན་ཚུ་ ཡིག་ཐོག་ལུ་ཕུལ་ནི་སྦེ་ ཞུ་ཡི།
གྲོས་བསྡུར་འབད་བའི་སྐབས་ འཐུས་མི་ལ་ལོ་ཅིག་གིས་ གན་རྒྱ་དེ་ ལམ་ལུགས་དང་འཁྲིལ་ཏེ་ མ་བཟོ་མི་ལུ་བརྟེན་ མ་འོངས་པར་ རྒྱལ་སྤྱིའི་རྒྱལ་ཁབ་གཞན་དང་གཅིག་ཁར་ གན་རྒྱ་བཟོ་བའི་སྐབས་ལུ་ དཔེ་ངན་སྦེ་ ལག་ལེན་འཐབ་ནིའི་ཉེན་ཁ་ འདུག་ཟེར་ཨིན་པས།
ཁྲི་འཛིན་བཀྲ་ཤིས་རྡོ་རྗེ་གིས་ གན་རྒྱ་དེ་གི་སྐོར་ལས་ འདས་པའི་གནས་ཡུན་ནང་ གསུང་གྲོས་ལེ་ཤ་བྱུང་ཡོདཔ་ད་ གན་རྒྱ་གུ་ ཚོགས་ཁང་གིས་ ཐག་མ་བཅད་པའི་ཧེ་མར་ མཚན་རྟགས་བཀོད་ཚར་ནི་དེ་གིས་ དེ་གི་ཤུལ་ལས་རྐྱངམ་གཅིག་ བྱ་བའི་སྣོད་སྤྱོད་༢༠༡༦ ཅན་མ་བཟོ་སྟེ་ཡོདཔ་ལས་ ད་ལས་ཕར་ ཆིངས་ཡིག་གསརཔ་བཟོ་བའི་སྐབས་ བྱ་བའི་སྣོད་སྤྱོད་དང་འཁྲིལ་ འགྱོ་འོང་ཟེར་ཨིན་པས།
དེ་གི་ཤུལ་ལས་ གན་རྒྱ་དེ་གི་ དོན་ཚན་༣༢ ཡོད་མི་ཚུ་ རེ་རེ་བཞིན་དུ་ གྲོས་བསྡུར་འབད་བའི་སྐབས་ འཐུས་མི་ཆ་མཉམ་གྱིས་ གྲོས་འཆམ་འབད་ཡོདཔ་ད་ མཐའན་མཇུག་ལུ་ འཕྲུལ་ཆས་ཚོགས་རྒྱན་བཙུགས་པའི་སྐབས་ འཐུས་མི་ཆ་མཉམ་གྱིས་ བཏུབ་པའི་ཚོགས་རྒྱན་བཙུགས་ཐོག་ལས་ ཆ་འཇོག་གྲུབ་ཡོདཔ་ད་ སྙན་ཞུ་དེ་ དྲུང་ཆེན་ཡིག་ཚང་གིས་ ཞག་གྲངས་༡༥ གི་ནང་འཁོད་ བཀའ་གྲོལ་གྱི་དོན་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ ཕུལ་ནི་ཨིན་པའི་གནས་ཚུལ།
ཚེ་རིང་རྣམ་རྒྱལ།