༉ འབྲུག་རྒྱལ་ཁབ་ནང་ ཉིན་གྲངས་༧ གྱི་རིང་ གཟིགས་སྐོར་གནང་སྟེ་ ད་རིས་ ལོག་བྱོན་མི་ ཇ་པཱན་གྱི་ ཨི་ཀི་ཤི་ནོའི་སྲསམོ་ མ་ཀོ་མཆོག་གི་ རྒྱལ་ཁམས་གཟིགས་སྐོར་ལུ་བརྟེན་འབྲུག་དང་ ཇ་པཱན་རྒྱལ་ཁབ་གཉིས་ཀྱི་བར་ན་ ཧེ་མ་ལས་ཡོད་པའི་ ཟུང་ཕྱོགས་མཐུན་འབྲེལ་དེ་ ལྷག་པར་དུ་ རྩ་བརྟན་བཟོ་གནང་ཡི།
མི་དབང་སྲསམོ་མ་ཀོ་དེ་ ཇ་པཱན་གྱི་ རྒྱལ་ཆེན་མཆོག་གི་ སྐུ་འཁོར་འཐུས་མི་ཚུ་ལས་ འབྲུག་ལུ་ གཟིགས་སྐོར་གནང་མི་ སྐུ་འཁོར་༣ པ་ཨིནམ་བཞིན་དུ་ འདི་བཟུམ་གཟིགས་སྐོར་གནང་མི་དེ་གིས་ ཕན་ཚུན་རྒྱལ་ཁབ་༢ ཀྱི་བར་ན་ མཛའ་བཤེས་མཐུན་ལམ་ ལེགས་ཤོམ་ཡོད་པའི་ བརྡ་མཚོན་གསལ་སྟོན་འབདཝ་ཨིན།
མི་ལོ་༣༡ གི་ཧེ་མར་ འབྲུག་དང་ ཇ་པཱན་གྱི་བར་ན་ ཕྱི་འབྲེལ་དོན་གཅོད་པའི་ མཐུན་ལམ་གཞི་བཙུགས་འབད་ཞིནམ་ལས་ཚུར་ རྒྱལ་ཁབ་༢ ཀྱི་བར་ནའི་ མཐུན་འབྲེལ་དང་ མཉམ་འབྲེལ་ཚུ་ ལོ་གཅིག་བ་ལོ་གཅིག་ ཡར་རྒྱས་གོང་འཕེལ་སོང་ཡོདཔ་བཞིན་དུ་ རྒྱལ་ཁབ་གཉིས་ཀྱི་ ཆེ་མཐོའི་གནས་རིམ་དང་ སྲིད་དོན་ དེ་ལས་ མི་སེར་དང་ མི་སེར་གྱི་བར་ན་ཡང་ མཐུམ་ལམ་དམ་ཟབ་སྦེ་ གནས་ཏེ་ཡོདཔ་ཨིན།
དེ་གི་ནང་དོན་ཉིད་ལས་ ཇ་པཱན་གྱིས་ རྒྱལ་ཁབ་ཀྱི་ སོ་ནམ་སྡེ་ཚན་ནང་ གྲོགས་རམ་འཕྲོ་མཐུད་དེ་ར་ འབད་བའི་ཁར་ ཇ་པཱན་གྱི་ མཁས་མཆོག་ཚུ་གིས་ ང་བཅས་རའི་ སོ་ནམ་པ་ཚུ་དང་ མཉམ་འབྲེལ་དམ་ཟབ་ཐོག་ ལཱ་འབད་མི་ལུ་བརྟེན་ འབྲུག་གི་ མི་སྡེ་གོང་འཕེལ་ནང་ ལྷན་ཐབས་སྦོམ་བྱུང་སྟེ་ཡོདཔ་ད་ ཇ་པཱན་དེ་ འབྲུག་གི་དོན་ལུ་ གོང་འཕེལ་མཉམ་རོགས་ གལ་གནད་ཅན་ཅིག་སྦེ་ར་ གནས་ཏེ་ཡོད་པའི་ཁར་ ང་བཅས་ཀྱི་ དབུ་ཁྲིད་ཚུ་གིས་ ཇ་པཱན་གཞུང་ལས་ རྒྱབ་སྐྱོར་དང་ བརྩེ་བའི་གྲོགས་རམ་གནང་མི་དེ་ལུ་ བཀའ་དྲིན་དགའ་ཚོར་ཞུ་བཞིན་དུ་ཡོདཔ་ཨིན།
མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ མགྲོན་བརྡ་གནངམ་བཞིན་དུ་ ཇ་པཱན་གྱི་ སྲསམོ་མ་ཀོ་གིས་ མོ་རའི་ཡབ་ཡུམ་རྣམ་གཉིས་ རྒྱལ་ཁབ་ནང་ གཟིགས་སྐོར་ལུ་བྱོན་ཏེ་ ལོ་ངོ་བཅུ་ཕྲག་༢ ཀྱི་ཤུལ་ལས་ འབྲུག་ལུ་ བྱོན་མི་དེ་གིས་ རྒྱལ་ཁབ་༢ ཀྱི་ མཛའ་བརྩེ་མཐུན་འབྲེལ་ སྔར་བ་ལྷགཔ་སྦེ་ སྒྲིང་སྒྲི་བཟོ་གནང་ཡི།
སྤྱི་ལོ་༡༩༨༧ དང་༢༠༡༣ གྱི་བར་ན་ འབྲུག་ལུ་ ཇ་པཱན་ལས་ ཆེ་མཐོ་གནས་རིམ་གྱི་ གཟིགས་སྐོར་ལན་ཐེངས་༡༦ དང་ འབྲུག་གིས་ སྤྱི་ལོ་༡༩༨༦ དང་༢༠༡༦ གི་བར་ན་ ཇ་པཱན་ལུ་ ཆེ་མཐོའི་གནས་རིམ་གྱི་ གཟིགས་སྐོར་ལན་ཐེངས་༤༥ འབད་ནུག།
ད་རུང་ སྤྱི་ལོ་༢༠༡༤ ཚུན་ཚོད་ འབྲུག་ལུ་སྡོད་མི་ ཇ་པཱན་གྱི་ མི་ཁུངས་༡༡༨ དང་ ཇ་པཱན་ལུ་ འབྲུག་མི་༦༡ ཡོདཔ་ད་ ན་ཧིང་ ཇ་པཱན་གྱི་མི་༤,༨༣༣ གྱིས་ རྒྱལ་ཁབ་ནང་ ལྟ་སྐོར་ལུ་ འོང་ཡོདཔ་མ་ཚད་ ཇ་པཱན་དེ་ འབྲུག་གི་ལྟ་བཤལ་སྡེ་ཚན་གྱི་ ཚོང་འབྲེལ་ནང་ ཨང་༣ པའི་གྲངས་སུ་ ཚུད་དེ་ཡོདཔ་ཨིན།
མཐུན་འབྲེལ་སྒྲིང་སྒྲི་ཡོད་མི་གིས་མ་དོ་བར་ ལྟ་སྐོར་ལུ་འོང་མི་ གྱངས་ཁ་དེ་གིས་ རྒྱལ་ཁབ་གཉིས་ཀྱི་ མི་སེར་ཚུ་གི་བར་ན་ གཅིག་གིས་གཅིག་ལུ་ བློ་གཏད་དང་ ཡིད་ཆེས་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་མས།
ཇ་པཱན་གྱི་སྲསམོ་མཆོག་ འབྲུག་ལུ་ བྱོན་མི་དེ་གིས་ཡང་ རྒྱལ་ཁབ་༢ ཀྱི་བར་ན་ མཛའ་བཤེས་མཐུན་ལམ་དང་ མཉམ་འབྲེལ་ག་དེ་སྦེ་ཡོདཔ་ཨིན་ནའི་ གསལ་སྟོན་འབད་ཡོདཔ་ད་ སྲསམོ་མཆོག་ འབྲུག་ལུ་བཞུགས་རིང་ལུ་ ཇ་པཱན་གྱི་བདུན་ཕྲག་༢༠༡༧ ཅན་མ་ འགོ་བཙུགས་པའི་ཁར་ ཐིམ་ཕུག་ལུ་ རྒྱལ་ཡོངས་རྗེས་དྲན་མཆོད་རྟེན་ནང་སྦེ་ འབྲུག་རྒྱལ་འཛིན་མེ་ཏོག་གི་ འགྲེམས་སྟོན་ཐེངས་༣ པ་ འགོ་འབྱེད་གནང་སར་ དམིགས་བསལ་གྱི་ སྐུ་མགྲོན་སྦེ་ བྱོན་གནང་མི་དེ་ཡང་ འབྲུག་གི་དོན་ལུ་ དྲན་རྟགས་ཅན་ཅིག་ཨིན།
འདི་བཟུམ་མའི་ ལས་རིམ་ཚུ་ནང་ འབྲེལ་གཏོགས་གནང་མི་དང་ འབྲུག་དང་ ཇ་པཱན་གྱི་བར་ན་ སྐུ་འཁོར་དང་ ཆེ་མཐོའི་གནས་རིམ་ནང་ དུས་རྒྱུན་དུ་ ཕན་ཚུན་གཟིགས་སྐོར་བརྗེ་སོར་གནང་མི་དེ་གིས་ རྒྱལ་ཁབ་གཉིས་དང་ མི་སེར་ཚུ་ ལྷག་པར་དུ་ མཉམ་འབྲེལ་དམ་ཟབ་དང་ འབྲེལ་མཐུད་སྦེ་ བཞགཔ་བཞིན་དུ་ ང་བཅས་འབྲུག་པའི་ མི་སེར་ཚུ་གི་ ཁ་ཐུག་ལས་འབད་རུང་ རྒྱལ་ཁབ་༢ ཀྱི་མཐུན་འབྲེལ་ལུ་ བླ་ན་མེད་པའི་ གུས་ཞབས་དང་ བརྩི་མཐོང་ཡོད་ཟེར་ ཞུ་ནི་ཨིན།
Check Also
མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༢༡ གསལ་བསྒྲགས་འབད་ཡོདཔ།
༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༤ པའི་དོན་ལུ་ འདེམས་ངོ་༢༡ གསལ་བསྒྲགས་འབད་ ཡོདཔ་ཨིན་པས། དེ་དང་འཁྲིལ་ཏེ་ ད་ལྟོ་ཚུན་ཚོད་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༤༧ ལས་༤༢ …