༉ འབྲུག་གི་ཕྱི་འབྲེལ་ལྷན་ཁག་དང་ ཀེ་ན་ཌའི་ཕྱི་འབྲེལ་དང་ ཚོང་འབྲེལ་ གོང་འཕེལ་ལས་ཁུངས་གཉིས་ཀྱི་བར་ན་ ཟུང་ཕྱོགས་གྲོས་བསྟུན་ཐབས་ལམ་ཅིག་ གཞི་བཙུགས་འབད་ནུག།
དེ་ཡང་ སྤྱི་ཟླ་༡༢ པའི་ཚེས་༡༢ ལུ་ ཐིམ་ཕུག་ལུ་སྦེ་ ཀེ་ན་ཌའི་དོན་ལུ་ འབྲུག་གི་གཞུང་ཚབ་ སྒྲོལ་མ་ཚེ་རིང་དང་ འབྲུག་ལུ་ ཀེ་ན་ཌའི་གཞུང་ཚབ་ ན་དིར་པ་ཊེལ་༢ ཀྱིས་ ཕྱི་འབྲེལ་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་འཛོམས་ཐོག་ལུ་ གོ་བརྡའི་ཆིངས་ཡིག་གུ་ མཚན་རྟགས་བཀོད་ཡོདཔ་ཨིན་པས།
གོ་བརྡའི་ཆིངས་ཡིག་དེ་གིས་ འབྲུག་དང་ ཕྱི་འབྲེལ་ལྷན་ཁག་༢ ཀྱི་བར་ན་ ལོ་ཟུང་ཞལ་འཛོམས་འཚོགས་ཐོག་ལས་ ཟུང་ཕྱོགས་མཐུན་ལམ་བསྐྱར་ཞིབ་འབད་ནི་ཨིནམ་མ་ཚད་ ཕན་ཚུན་ལུ་ཕན་པའི་ ལུང་ཕྱོགས་དང་ རྒྱལ་སྤྱིའི་གནད་དོན་ཚུ་གི་སྐོར་ལས་ བསམ་འཆར་བརྗེ་སོར་འབད་ནི་གི་ གྲོས་གནས་ཅིག་ བྱིནམ་ཨིན་ཟེར་ ཕྱི་འབྲེལ་ལྷན་ཁག་ལས་ གནས་ཚུར་གསར་བཏོན་འབད་མིའི་ནང་བཀོད་ནུག།
གྲོས་བསྟུན་སྐབས་ལུ་ ཕྱོགས་གཉིས་ཀྱིས་ སྲིད་དོན་དང་ དཔལ་འབྱོར་ ཚོང་འབྲེལ་གོང་འཕེལ་ མ་རྩ་འཛུགས་སྤྱོད་ ཕྱི་འབྲེལ་དོན་གཅོད་ ལམ་སྲོལ་དང་ ཤེས་ཡོན་གྱི་ གནད་དོན་ཚུ་གི་ བསམ་འཆར་བརྗེ་སོར་འབད་ནི་དང་ འབྲུག་དང་ ཀེ་ན་ཌའི་བར་ན་ མཐུན་འབྲེལ་ལྷག་པར་དུ་ རྩ་བརྟན་བཟོ་ནིའི་ ཐབས་ལམ་ཚུ་ཡང་ བཏོན་ནི་ཨིན་པས།
འབྲུག་དང་ཀེ་ན་ཌའི་བར་ན་ དོན་གཅོད་མཐུན་ལམ་དེ་ སྤྱི་ལོ་༢༠༠༣ ཟླ་༦ པའི་ནང་ གཞི་བཙུགས་འབད་ཡོདཔ་བཞིན་དུ་ ཀེ་ན་ཌའི་གཞུང་ཚབ་ཀྱིས་ འཐུས་མི་༩ འབད་མི་ སྡེ་ཚན་ཅིག་ འགོ་ཁྲིད་ཐོག་ སྤྱི་ཟླ་༡༢ པའི་ཚེས་༡༠ ལས་༡༣ ཚུན་ འབྲུག་རྒྱལ་ཁབ་ནང་ མཐུན་འབྲེལ་དུས་སྟོན་བརྩི་སྲུང་འབད་བར་ འོང་ཡོདཔ་ཨིན་པས།
གཞུང་ཚབ་ཀྱིས་ འབྲུག་དང་ ཀེ་ན་ཌའི་བར་ན་ ཕྱི་འབྲེལ་དོན་གཅོད་མཐུན་འབྲེལ་ གཞི་བཙུགས་འབད་དེ་ ལོ་༡༥ འཁོར་བའི་ དུས་སྟོན་བརྩི་སྲུང་དང་འབྲེལ་ སྤྱི་ཟླ་༡༢ པའི་ཚེས་༡༢ ལུ་ བསུ་སྟོན་ལས་རིམ་ཅིག་ འགོ་འདྲེན་འཐབ་ཡོད་པའི་གནས་ཚུལ།

ཀེ་ན་ཌའི་དོན་ལུ་ འབྲུག་གི་གཞུང་ཚབ་ སྒྲོལ་མ་ཚེ་རིང་དང་ འབྲུག་ལུ་ ཀེ་ན་ཌའི་གཞུང་ཚབ་ ན་དིར་པ་ཊེལ་༢ ཀྱིས་ ཕྱི་འབྲེལ་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་འཛོམས་ཐོག་ལུ་ གོ་བརྡའི་ཆིངས་ཡིག་གུ་ མཚན་རྟགས་བཀོད་མི་དེ་ བརྗེ་སོར་འབད་བའི་བསྒང་།