༉ ཁ་ཙ་ འབྲུག་དགའ་སྐྱིད་ཚོགས་པའི་གཙོ་འཛིན་ ཆོས་སྐུ་འབྲུག་པ་གིས་ ཆེ་མཐོ་ཁྲིམས་འདུན་ལུ་ བཙག་འཐུ་ལྷན་ཚོགས་ཀྱིས་ ཁོ་རའི་ཚོགས་པ་ ཐོ་བཀོད་འབད་ནི་ལས་ བཀག་ཆ་འབད་མི་ལུ་ ངོས་ལེན་འབད་མི་ཚུགས་ཟེར་བའི་ ར་ཁུངས་དང་སྦྲགས་ཏེ་ མཐོ་གཏུགས་འབད་ཡི།
དེ་ཡང་ ཁོ་གིས་ མཐོ་གཏུགས་འབད་མི་དང་འཁྲིལཝ་ད་ བཙག་འཐུ་ལྷག་ཚོགས་ཀྱིས་ འདེམས་ཁོངས་༢ ཀྱི་ འཐུས་མི་མིན་འདུག་ཟེར་ སླབ་མི་དེ་ལུ་ ཁོ་གིས་ བཙག་འཐུ་ལྷན་ཚོགས་ཀྱི་བཅའ་ཁྲིམས་༢༠༠༨ དང་འཁྲིལཝ་ད་ འཐུས་མི་མངམ་སྦེ་ དགོཔ་ཡོདཔ་མ་གཏོགས་ འདེམས་ཁོངས་ཆ་མཉམ་ནང་ལས་ ཚང་དགོཔ་སྦེ་ མིན་འདུག་ཟེར་ཞུ་ཡི།
དེ་མ་ཚད་ འཐུས་མིའི་ཐད་ཁར་ རྫོང་ཁག་ལས་ཡོད་པ་ཅིན་ བཏུབ་སྦེ་འདུག་ཟེར་ཨིནམ་ད་ ཨིན་རུང་ དགའ་སྐྱིད་ཚོགས་པའི་དོན་ལུ་ སོ་སོར་སྦེ་ཡོདཔ་ལས་ ཁེ་རྒུད་མ་བཏུབ་ཟེར་ མཐོ་གཏུགས་ཞུ་ཡིག་ནང་ བཀོད་ནུག།
དེ་ལས་ འདེམས་ངོའི་ཐད་ཁར་ལྷོདཔ་ད་ ཐོ་བཀོད་ཀྱི་ཚད་གཞི་ནང་ འཐུས་མི་དགོཔ་སྦེ་མ་གཏོགས་ འདེམས་ངོ་ག་ར་ཚང་དགོཔ་སྦེ་ བཅའ་ཡིག་དང་བཅའ་ཁྲིམས་༢ ཆ་རའི་ནང་ བཀོད་དེ་མིན་འདུག་ཟེར་ཨིནམ་ད་ ཨིན་རུང་ འདེམས་ངོ་༢༥ གི་ ཐོ་བཀོད་འབད་ཡི་ཟེར་ཨིན་པས།
ལྷན་ཚོགས་ཀྱིས་ འདེམས་ངོ་ལ་ལོ་ཅིག་ སྐྱེས་ལོ་༢༥ དང་༣༥ བར་ན་འབད་མི་༢༠ དང་ སྐྱེས་ལོ་༣༥ དང་༤༥ འི་བར་ན་འབད་མི་༤ དེ་ལས་ སྐྱེས་ལོ་༤༦ འབད་མི་༡ འདུག་ཟེར་ བཤད་མི་དེ་ཡང་ གཙོ་འཛིན་གྱིས་འབད་བ་ཅིན་ ཐོ་བཀོད་འབད་བའི་སྐབས་ འདེམས་ངོ་ཚུ་གི་སྐོར་ལས་ ལོ་རྒྱུས་ཐོན་དགོཔ་མེད་རུང་ བཙག་འཐུ་ལྷན་ཚོགས་ཀྱིས་ དེ་བཟུམ་མའི་ཚད་གཞི་བཟོ་ནུག་ཟེར་ཨིན་པས།
ཁོ་གི་ཚོགས་པ་དེ་ཡང་ མི་དབང་མཆོག་གི་ཞབས་ལས་ དམངས་གཙོའི་རིང་ལུགས་ཀྱི་ བྱ་རིམ་ཚུ་ མི་སེར་ལུ་ གོ་སྐབས་གནང་ཡོདཔ་ལས་ ཁོང་གིས་ཡང་ ཚོགས་པ་དེ་ མི་སེར་གྱི་མཐའ་དོན་ལུ་ ཚོགས་པ་གཞན་ཚུ་བཟུམ་སྦེ་ གཞི་བཙུགས་འབད་ཡི་ཟེར་ཞུ་ནུག།
དེ་བཟུམ་སྦེ་ ཚོགས་པ་གིས་ ཡིག་ཆ་ཚུ་ག་ར་ ཚང་སྒྲིག་འབད་དེ་ སྤྱི་ཟླ་༢ པའི་ཚེས་༩ ལུ་ ཐོ་བཀོད་ཀྱི་དོན་ལས་ ལྷན་ཚོགས་ལུ་བཙུགས་ཡོདཔ་བཞིན་དུ་ ལྷན་ཚོགས་ཀྱིས་ ཞལ་འཛོམས་ཐེངས་དག་པ་ཅིག་ འཚོགས་པའི་ཤུལ་ལས་ ཐོ་བཀོད་ཀྱི་གནང་བ་ བྱིན་མ་ཚུགསཔ་ཨིན་པས།
བཙག་འཐུ་ལྷན་ཚོགས་ཀྱིས་ ཐོ་བཀོད་འབད་མ་ཚུགས་པའི་ གནད་དོན་དེ་ཡང་ རྩ་ཁྲིམས་ཆེན་མོའི་དགོངས་དོན་དང་འཁྲིལ་ ཐོ་བཀོད་འབད་མ་ཚུགསཔ་སྦེ་ སླབ་ཡོདཔ་ཨིན་པས།
ཚོགས་པ་གིས་ གཞུང་སྐྱོང་ནི་དང་ གཞུང་གི་ལས་སྡེ་ནང་ལཱ་འབད་ནི་ དེ་ལས་ ཚོང་འབྲེལ་ལས་སྡེ་ཚུ་ནང་ ལཱ་འབད་ནིའི་ ལྕོགས་གྲུབ་ཚུ་མིན་འདུག་ཟེར་ ལྷན་ཚོགས་ཀྱིས་བཀོད་མི་དེ་ལུ་ གཙོ་འཛིན་གྱིས་འབད་བ་ཅིན་ ཚོགས་པ་གིས་ གཞུང་སྐྱོང་ནི་དང་ ལས་སྡེ་འཛིན་སྐྱོང་གི་དོན་ལུ་མ་གཏོགས་ ཚོང་འབྲེལ་ལས་སྡེའི་སྐོར་ལས་ ལཱ་འབད་ནི་མེན་ཟེར་ཨིན་པས།
འདེམས་ངོ་ཚུ་གི་ ལོ་ཚད་ཐད་ཁར་ རྩ་ཁྲིམས་དང་འཁྲིལཝ་ད་ སྐྱེས་ལོ་༢༥ དང་༦༥ འི་བར་ན་ཟེར་ བཀོད་ཡོདཔ་ལས་ ལྷན་ཚོགས་ཀྱིས་ དེ་བཟུམ་འབད་མི་དེ་ འོས་འབབ་མིན་འདུག་ཟེར་ཨིནམ་ད་ དེ་ཡང་ ཚོགས་པ་ཐོ་བཀོད་འབད་བའི་སྐབས་ལུ་ ལོ་ཚད་ཚུ་ཡང་ བལྟ་དགོཔ་མ་མཐོང་ཟེར་ཨིན་པས།
གཞུང་སྐྱོང་ནིའི་ འོས་འབབ་དེ་ མི་སེར་ཚུ་གིས་ ཚོགས་རྒྱན་བཙུགས་ཏེ་མ་གཏོགས་ བཙག་འཐུ་ལྷན་ཚོགས་ལུ་ སླབ་ནིའི་དབང་ཚད་མེད་ཟེར་ཨིནམ་ད་ ཚོགས་པའི་ལྟ་བ་ནང་ རྒྱལ་ཁབ་ཡར་རྒྱས་གཏང་ནིའི་སྐོར་ལས་ མིན་འདུག་ཟེར་ བཀོད་མི་དེ་ཡང་ ཚོགས་པའི་སྒྲིག་གཞི་ནང་ ཚུད་དགོཔ་མེད་ཟེར་ཨིནམ་ད་ གནད་དོན་ཆ་མཉམ་ར་ ལྟ་བ་ནང་ ཚང་དགོཔ་མེད་ཟེར་ཨིན་པས།
ལྷན་ཚོགས་ཀྱིས་ ཚོགས་པ་ནང་ ལྕོགས་གྲུབ་ཅན་གྱི་ འཐུས་མི་མེད་པའི་སྐོར་ལས་ བཀོད་ཡོད་མི་ཚུ་ཡང་ ཁྲིམས་དང་མ་འཁྲིལ་བའི་ ཐག་བཅད་ཅིག་ཨིནམ་ལས་ ཚོགས་པ་ལུ་ དྲང་བདེན་འཐོབ་ནིའི་དོན་ལུ་ མཐོ་གཏུགས་འབད་དགོཔ་ཐོན་ཡི་ཟེར་ ཨིནམ་ད་ ཁྲིམས་འདུན་གྱིས་ ལྷན་ཚོགས་ཀྱི་ ངོ་ཚབ་ཅིག་ འབོ་ཞིནམ་ལས་ གནད་དོན་ག་ཅི་ལུ་བརྟེན་ ཐོ་བཀོད་མ་འབདཝ་ཨིན་ནའི་ ར་ཁུངས་བཀལ་བཅུག་སྟེ་ དབྱེ་དཔྱད་མཛད་གནང་ཟེར་ ཞུ་ཡོད་པའི་གནས་ཚུལ།
བཀྲིས་བསྟན་འཛིན།