འབྲུག་དགའ་སྐྱིད་ཚོགས་པ་ སྲིད་ཚོགས་སྦེ་ ཐོ་བཀོད་འབད་ཐབས་མེདཔ།

༉ ཁ་ཙ་ ཆེ་མཐོ་ཁྲིམས་འདུན་གྱིས་ སྲིད་དོན་ཚོགས་པ་གསརཔ་ གཞི་བཙུགས་འབད་ནིའི་ དཔའ་བཅམ་མི་ འབྲུག་དགའ་སྐྱིད་ཚོགས་པ་དེ་ བཙག་འཐུའི་བཅའ་ཁྲིམས་དང་ སྒྲིག་གཞི་ཚུ་དང་མ་འཁྲིལ་ནི་དེ་གིས་ སྲིད་དོན་ཚོགས་པ་སྦེ་ ཐོ་བཀོད་འབད་མ་ཆོག་པའི་ འཁྲུན་ཆོད་གནང་ཡི།
དེ་ནང་ གནད་དོན་གཙོ་བོ་ ཁག་བཞི་ཡོད་མི་ཚུ་ཡང་ སྲིད་དོན་ཚོགས་པ་སྦེ་ ཐོ་བཀོད་འབད་དགོ་པ་ཅིན་ ཚོགས་པའི་ཐོ་བཀོད་འབད་མི་ འཐུས་མི་ཚང་དགོ་པའི་སྐོར་ལས་ཨིནམ་ད་ བཙག་འཐུ་ལྷན་ཚོགས་ཀྱིས་ ཚོགས་པའི་འདེམས་ཁོངས་གཉིས་ནང་ འཐུས་མི་མེད་པའི་ཁར་ ཚོགས་པ་ནང་ ཐོ་བཀོད་འབད་མི་འཐུས་མི་༣༠༨ དང་ ཚོགས་རྒྱན་བཙུགས་མིའི་ཐོ་ནང་ མི་ངོམ་༢༩ གི་ མིང་ཐོ་མེད་མི་ དེ་ལས་ ཆོས་སྒོར་ཞུགས་མིའི་ མིང་ཡོད་མི་ དེ་ལས་ མིང་དང་འདེམས་ཁོངས་རྟགས་མ་མཐུན་པའི་ཁར་ འདེམས་ཁོངས་འཛོལ་ནུག་ཟེར་ ཐོ་བཀོད་འབད་མ་བཅུགཔ་ཨིན་པས།
ཨིན་རུང་ ཆེ་མཐོ་ཁྲིམས་འདུན་གྱི་ འཁྲུན་ཆོད་དང་འཁྲིལཝ་ད་ རྫོང་ཁག་རེ་ལས་ ཉུང་ཤོས་འཐུས་མི་རེ་ཡོད་པ་ཅིན་ ཚོགས་པ་དེ་ གཞི་རྒྱ་ཆེ་བ་སྦེ་ བརྩི་དགོཔ་ཨིན་རུང་ ཚོགས་པ་དེ་གི་ འདེམས་ཁོངས་གཉིས་ནང་ འཐུས་མི་མེད་པའི་ཁར་ ཐོ་བཀོད་འབད་བའི་སྐབས་ འཐུས་མི་ཚུ་གི་ གླ་ཡོན་དང་ ཁས་བླངས་ཞལ་འདེབས་འབད་ཡོད་མི་ཚུ་ཡང་ གསལ་སྟོན་མ་འབད་བས་ཟེར་ཨིན་པས།
གནད་དོན་དེ་ལུ་བརྟེན་ འབྲུག་དགའ་སྐྱིད་ཚོགས་པ་དེ་ འབྲུག་གི་བཙག་འཐུ་བཅའ་ཁྲིམས་༢༠༠༨ ཅན་མའི་དོན་་ཚན་༡༣༦ ག་པ་དང་ སྲིད་དོན་ཚོགས་པའི་ བཅའ་ཡིག་དོན་ཚན་༣.༥.༧ ལས་འགལ་ཡོདཔ་ལས་ ཚོགས་པ་དེ་ ཐོ་བཀོད་འབད་ཐབས་མིན་འདུག་ཟེར་ འཁྲུན་ཆོད་ནང་བཀོད་ནུག།
སྲིད་དོན་ཚོགས་པའི་ བཅའ་ཡིག་དོན་ཚན་༣.༥.༧ ནང་ རྫོང་ཁག་རེ་ལས་ འཐུས་མི་རེ་ འོང་དགོ་ཟེར་ ཡོདཔ་མ་གཏོགས་ འདེམས་ཁོངས་༤༧ ག་རའི་ནང་ལས་ འདེམས་ངོ་རེ་རེ་དགོ་པའི་སྐོར་ལས་ བཅའ་ཁྲིམས་དང་ བཅའ་ཡིག་མེད་པའི་ཁར་ བཅའ་ཡིག་ནང་ཡང་ འཐུས་མི་ཟེར་ བཀོད་ཡོདཔ་མ་གཏོགས་ འདེམས་ངོ་ཚངམ་སྦེ་དགོ་པའི་སྐོར་ལས་ཡང་ ལོ་ཚད་ཀྱི་ཐད་ཁར་འབད་རུང་ རྩ་ཁྲིམས་ཆེན་མོའི་རྩ་ཚན་༢༣ པའི་རྩ་དོན་༣ པ་དང་ བཅའ་ཁྲིམས་ཀྱི་ དོན་ཚན་༡༧༦ ནང་ སྐྱེས་ལོ་༢༥ ཡན་ཆད་དང་༦༥ མན་ཆད་ཟེར་ བཀོད་ཡོདཔ་མ་གཏོགས་ བཙག་འཐུ་ལྷན་ཚོགས་ཀྱིས་ གནས་ཚད་གཞན་ ལྕོགས་གྲུབ་ཡོད་མེད་ཚུ་ གདམ་འཐུ་དབང་ཚད་དེ་ མི་སེར་ཚུ་ལུ་ཡོདཔ་ལས་ བཙག་འཐུ་བཅའ་ཁྲིམས་དོན་ཚན་༡༣༧ དང་འཁྲིལ་ འདེམས་ངོ་ཚངམ་སྦེ་ཡོད་མེད་དང་ ལྕོགས་གྲུབ་ཡོད་མེད་ ཉམས་མྱོང་དང་ ལོ་ཚད་ཀྱི་ ཚད་གཞི་བཙུགས་ནིའི་དབང་ཚད་དེ་ བཙག་འཐུ་ལྷན་ཚོགས་ལུ་མེད་ཟེར་ འཁྲུན་ཆོད་ནང་བཀོད་ནུག།
བཙག་འཐུ་ལྷན་ཚོགས་ཀྱིས་ ཚོགས་པ་ཐོ་བཀོད་འབད་མ་བཅུག་མི་དེ་ཡང་ འདེམས་ཁོངས་ཕྱེད་ཀ་ཅིག་ནང་ལས་ ལྕོགས་གྲུབ་ཅན་གྱི་ འདེམས་ངོ་མེདཔ་སྦེ་ སླབ་ཡོདཔ་ད་ ཚོགས་པ་གཞི་བཙུགས་འབད་མི་ ཆོས་སྐུ་འབྲུག་པ་གིས་ བཅའ་ཁྲིམས་ཚུ་ནང་ འདེམས་ངོ་ག་ར་ཚང་དགོཔ་སྦེ་ མིན་འདུག་ཟེར་ ཁྲིམས་འདུན་ལུ་ཞུ་ཡི།
འཁྲུན་ཆོད་ནང་ སྲིད་དོན་ཚོགས་པ་ ཐོ་བཀོད་འབད་མི་དེ་གིས་ རྫོང་ཁག་ག་རའི་ནང་ལས་ ཐོ་བཀོད་འབད་བའི་ འཐུས་མི་ཡོད་པ་ཅིན་ ཁྱད་ཚད་ལྡན་པའི་ཚོགས་པ་སྦེ་ ཐོ་བཀོད་འབད་ནི་ལུ་ འོས་འབབ་ཡོད་ཟེར་བཀོད་ནུག།
ཆེ་མཐོ་ཁྲིམས་འདུན་གྱིས་ ཚོགས་པ་གིས་ ཐོ་བཀོད་འབད་མི་ འཐུས་མི་༢༠ དེ་གིས་ རྒྱལ་ཁབ་ནང་ཡོད་མི་ ཆོས་ལུགས་དང་མི་རིགས་ ལམ་སྲོལ་ཚུ་གི་ ངོ་ཚབ་ཨིནམ་སྦེ་ ཆ་གནས་འབད་དེ་ རྒྱབ་སྐྱོར་འབད་ནི་ གལ་ཆེ་བས་ཟེར་བཀོད་ནུག།
ཁྲིམས་འདུན་གྱིས་ འབྲུག་དགའ་སྐྱིད་ཚོགས་པ་གིས་ སྲིད་དོན་ཚོགས་པའི་འབྲི་ཤོག་གཉིས་པ་དེ་ འཐུས་མི་གི་ ཁ་གསལ་དང་གཅིག་ཁར་ ཁས་བླངས་དང་ བསྡུ་བླངས་འབད་མི་ཚུ་བཀོད་དེ་ མ་སྤྲོད་པར་ཡོདཔ་སྦེ་ མཐོང་ཡོདཔ་ད་ ཆོས་སྐུ་འབྲུག་པ་གིས་ འབྲི་ཤོག་དེ་ ལག་ལེན་མ་འཐབ་པར་ ཚོགས་པའི་འཐུས་མི་གི་ མིང་ཐོ་ཚུ་ སྤྲོད་ཡོདཔ་ཨིན་པས།
ཐོ་བཀོད་འབད་ནི་ཨིན་མི་ སྲིད་དོན་ཚོགས་པ་ལུ་ ཐོ་བཀོད་འབད་བའི་སྐབས་ ལྕོགས་གྲུབ་ཅན་དང་ འདེམས་ངོ་ཆ་ཚང་སྦེ་ དགོཔ་མེད་ཟེར་ བཀོད་ཡོདཔ་ད་ ཐོ་བཀོད་འབད་བའི་སྐབས་ འདེམས་ངོ་ཚུ་དགོཔ་མེད་ཟེར་བཀོད་ནུག།
ཚོགས་པ་གིས་ བཙག་འཐུ་ནང་ དོ་འགྲན་འབད་བའི་སྐབས་ལུ་རྐྱངམ་གཅིག་ འདེམས་ངོ་ཚུ་ འོང་དགོ་ཟེར་ འཁྲུན་ཆོད་ནང་ བཀོད་ཡོདཔ་ད་ བཙག་འཐུ་ལྷན་ཚོགས་ཀྱིས་ མི་མང་ལུ་ གསལ་བསྒྲགས་འབད་བའི་སྐབས་ མིང་ཐོ་བྱིན་མིའི་ནང་ མི་༢༠ དེ་ སྐྱེས་ལོ་༣༥ འོག་རྒྱུ་ཡོད་པའི་ཁར་༤ དེ་ སྐྱེས་ལོ་༤༥ འོག་རྒྱུ་ དེ་ལས་༡ སྐྱེས་ལོ་༤༦ ལང་ཡོད་རུང་ ག་ཡང་མི་མང་གི་གདོང་ཁར་ གཞུང་སྐྱོང་ནི་དང་ དམངས་ཀྱི་ཡིག་ནང་ ལཱ་འབད་ཚུགས་པའི་ ལྕོགས་གྲུབ་བཏོན་ཚུགས་མི་མིན་འདུག་ཟེར་བཀོད་ནུག།
འཁྲུན་ཆོད་ནང་ རྩ་ཁྲིམས་ཆེན་མོ་དང་ བཙག་འཐུ་བཅའ་ཁྲིམས་ནང་ ལོ་ཚད་དེ་ སྐྱེས་ལོ་༢༥ དང་༦༥ འི་བར་ན་དགོཔ་སྦེ་ ཡོད་པའི་ཁར་ གདམ་འཐུ་འབད་ནི་དེ་ མི་སེར་ལུ་ཡོདཔ་སྦེ་ འདུག་ཟེར་བཀོད་ནུག།
ཁྲིམས་འདུན་གྱིས་ ལྕོགས་གྲུབ་ཅན་གྱི་ མི་ངོ་ཚུ་ དབང་ཚད་ནང་ བཙག་འཐུ་འགྲུབ་པ་ཅིན་ རྒྱལ་ཁབ་ལུ་ གནོད་པ་འོང་བའི་ ཚ་གྱང་ཡོད་པའི་སྐོར་ བཀོད་ཡོད་རུང་ ཐོ་བཀོད་འབད་ནི་ཨིན་མི་ ཚོགས་པ་གིས་ རྩ་ཁྲིམས་ཆེན་མོའི་ རྩ་ཚན་༡༥ པའི་རྩ་ཚན་༤ པ་དང་ བཙག་འཐུ་བཅའ་ཁྲིམས་ཀྱི་ དོན་ཚན་༡༣༥ དང་༡༣༦ པ་དང་འཁྲིལ་ཡོད་པ་ཅིན་ ཁྱད་ཚད་གཞན་མ་བཙུགས་པར་ ཐོ་བཀོད་འབད་དགོ་ཟེར་བཀོད་ནུག།
བཙག་འཐུ་ལྷན་ཚོགས་ཀྱིས་ ཚོགས་པ་ཆ་མེད་བཏང་མི་ གནད་དོན་གཞན་དེ་ ཚོགས་པའི་ལྟ་བ་དེ་ སྤྱིར་བཏང་སྦེ་ཡོད་པའི་ཁར་ རྒྱལ་ཁབ་གོང་འཕེལ་སྐོར་ལས་ ག་ནི་ཡང་བཀོད་དེ་མེདཔ་ལས་ གྲ་སྒྲིག་མིན་འདུག་ཟེར་བཀོད་ནུག།
ཁྲིམས་འདུན་གྱིས་ ཚོགས་པའི་སྒྲིག་གཞི་ལུ་ དབྱེ་དཔྱད་འབདཝ་ད་ བཙག་འཐུའི་བཅའ་ཁྲིམས་དང་ སྒྲིག་གཞི་ཚུ་དང་མཐུནམ་སྦེ་ ཡོདཔ་མཐོང་ཡོད་རུང་ བཙག་འཐུ་ལྷན་ཚོགས་ཀྱིས་ ཆོས་སྐུ་འབྲུག་པ་ལུ་ ཐོ་བཀོད་དོན་ལུ་ ལམ་ལུགས་ཚུ་དང་ འཁྲིལ་འབད་ནིའི་དོན་ལུ་ དུས་ཚོད་བྱིན་ནུག་ཟེར་ བཀོད་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *