༉ ཁ་ཙ་ འབྲུག་ཉེན་སྒྲོལ་སྡེ་ཚོགས་ (རེཌ་ཀོ་རོསི) ཀྱི་གཙོ་འཛིན་ མི་དབང་རྒྱལ་བཙུན་མཆོག་གིས་ སྡེ་ཚོགས་གཞི་བཙུགས་ཀྱི་ ཉིནམ་བརྩི་སྲུང་ཞུ་སར་ སྐུ་མགྲོན་གཙོ་བོ་སྦེ་ བྱོན་གནང་ཡོདཔ་ད་ འབྲུག་ཉེན་སྒྲོལ་སྡེ་ཚོགས་དེ་ སྤྱི་ལོ་༢༠༡༧ ཟླ་༥ པའི་ཚེས་༨ ལུ་ འཛམ་གླིང་རེཌ་ཀོ་རོསི་ཉིནམ་དང་བསྟུན་ གཞི་བཙུགས་འབད་ཡོདཔ་ཨིན་པས།
དེ་བསྒང་ མི་དབང་རྒྱལ་བཙུན་མཆོག་གིས་ གློ་བུར་སྨན་བཅོས་དང་ གཞི་རྟེན་རྐྱེན་ངན་འཛིན་སྐྱོང་ནང་ མི་སྡེ་ཁས་བླངས་པའི་ ལས་རིམ་ཅིག་ འགོ་འབྱེད་གནང་ནུག།
ལས་རིམ་དེ་གི་ཐོག་ལས་ རྫོང་ཁག་༢༠ ལས་ མི་སྡེ་ཁས་བླངས་པ་༥༨ ལུ་ གློ་བུར་སྨན་བཅོས་འབད་ཐངས་དང་ རྐྱེན་ངན་འཛིན་སྐྱོང་གི་ གཞི་རྟེན་སྦྱོང་བརྡར་བྱིན་ནི་ཨིནམ་ད་ ཁས་བླངས་པ་ཚུ་ཡང་ མི་དབང་མངའ་བདག་རིན་པོ་ཆེའི་ དམག་མི་བགྲེསཔ་ཚོགས་སྡེའི་ འཐུས་མི་ཚུ་གི་ ཁས་བླངས་པ་ཨིན་པས།
སྡེ་ཚོགས་དེ་ འབྲུག་ལུ་ཡོད་མི་ ཁས་བླངས་ལས་རིམ་ཚུ་ལུ་ རྐྱེན་ངན་འཛིན་སྐྱོང་དང་ གཟུགས་ཁམས་འཕྲོད་བསྟེན་ མི་སྡེའི་ཞབས་ཏོག་ཚུ་ལུ་ ལྷན་ཐབས་དང་ རྒྱབ་སྐྱོར་འབད་ཐབས་ལུ་ གཞི་བཙུགས་འབད་ཡོདཔ་བཞིན་དུ་ ད་ཚུན་གྱི་བར་ན་ སྡེ་ཚན་སྣ་ཚོགས་ལུ་ གློ་བུར་སྨན་བཅོས་དང་ རྐྱེན་ངན་འཛིན་སྐྱོང་གི་ ངོས་ལེན་སྦྱོང་བརྡར་ལ་སོགས་པའི་ ལས་སྣ་ལེ་ཤ་ཅིག་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
གཞི་བཙུགས་ཀྱི་ ཉིནམ་བརྩི་སྲུང་དེ་ནང་ བློན་ཆེན་དང་ ལྷན་རྒྱས་གཞུང་ཚོགས་ཀྱི་བློན་པོ་ གཞུང་གི་ཆེ་མཐོའི་འགོ་དཔོན་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་གིས་ བཅའ་མར་གཏོགས་ཡོདཔ་མ་ཚད་ འཛམ་གླིང་རྒྱལ་སྤྱི་རེཌ་ཀོ་རོསི་ཚོགས་སྡེའི་ནང་ འབྲུག་རྒྱལ་ཁབ་འདི་ སྤྱི་ལོ་༢༠༢༠ ལས་ འཐུས་མི་སྦེ་ འཛུལ་ཞུགས་འབད་ནིའི་དོན་ལུ་ ལཱ་འབད་མི་ འབྲུག་ཉེན་སྒྲོལ་སྡེ་ཚོགས་ཀྱི་ ལས་བྱེད་ཚོགས་ཆུང་གི་ འཐུས་མི་དང་ ཁས་བླངས་པ་ཚུ་གིས་ཡང་ གྲལ་གཏོགས་འབད་ཡོད་པའི་གནས་ཚུལ།

མི་དབང་རྒྱལ་བཙུན་མཆོག་ གློ་བུར་སྨན་བཅོས་དང་ གཞི་རྟེན་རྐྱེན་ངན་འཛིན་སྐྱོང་གི་ མི་སྡེ་ཁས་བླངས་པ་ཚུ་དང་ ལྷན་བཞུགས་གནང་པའི་བསྒང་།