༉ ཁ་ཙ་ ཐིམ་ཕུག་རྫོང་ཁག་གི་ ཞི་བའི་ཁྲིམས་ཁྲི་གིས་ འབྲུག་ཉེན་བཅོལ་ལས་འཛིན་ བཀོད་ཁྱབ་མདོ་ཆེན་ བསོད་ནམས་རྡོ་རྗེ་དང་ ལས་འཛིན་བར་ན་ རྩོད་བཤེར་འབད་བའི་བསྒང་ཡོད་མི་དེ་ ཕྱིར་འབུད་མི་འབད་ཟེར་ བཤད་ཅི།
དེ་ཡང་ དྲང་དཔོན་གྱིས་ རྩོད་བཤེར་དེ་ ཁྲིམས་འདུན་གྱིས་ ལས་འཛིན་ལུ་ ལོག་བཏང་སྟེ་འབད་རུང་ རྩོད་བཤེར་འབད་མི་ཚུ་གིས་ ཁྲིམས་འདུན་ལུ་ ལོག་སྟེ་ར་ ལྷོད་ནི་ཨིནམ་ལས་ དུས་ཚོད་འཕྲོ་བརླག་གཏང་ནིའི་ གཞི་ཅིག་ལས་ མི་འོང་ནི་མས་ཟེར་ཨིན་པས།
དེ་མ་ཚད་ དྲང་དཔོན་གྱིས་ བཀོད་ཁྱབ་མདོ་ཆེན་དང་ ཁོ་རའི་ཁྲིམས་ཚབ་ལུ་ འགོ་དང་པ་ རྩོད་བཤེར་བཙུགས་པའི་སྐབས་ བཀོད་ཁྱབ་མདོ་ཆེན་དེ་ ལས་འཛིན་གྱིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་བཏང་མི་ ཟིན་བྲིས་སྙན་ཞུ་གུ་ གཞི་བཞག་ཐོག་ལས་ དགོངས་ཕོག་བཏང་ཡི་ཟེར་ ཞུ་བ་འབད་ནུག།
འབྲུག་ཉེན་བཅོལ་ལས་འཛིན་ཚད་ཀྱི་ཁྲིམས་ཚབ་ ཕུརཔ་རྡོ་རྗེ་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ བཀོད་ཁྱབ་མདོ་ཆེན་གྱི་སྐོར་ལས་ ལྷད་ཚོགས་ཀྱིས་ ལས་འཛིན་གྱིས་ གྲོས་ཐག་བཅད་དགོཔ་སྦེ་ཡོད་རུང་ བཀོད་ཚོགས་ཀྱིས་ ཐག་བཅད་དེ་ འགན་གྲོལ་བཏང་ཡི་ཟེར་ཞུ་ཡི།
ཕུརཔ་རྡོ་རྗེ་གིས་ བཀོད་ཁྱབ་མདོ་ཆེན་བགྲེསཔ་གིས་ ལས་འཛིན་གྱི་ ལས་གཡོག་བཅའ་ཡིག་དང་འཁྲིལཝ་ད་ ཞག་གྲངས་༡༠ གྱི་ནང་འཁོད་ལུ་ མཐོ་གཏུགས་མ་འབད་བས་ཟེར་ ཞུ་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ ལས་འཛིན་གྱི་ ལས་མི་བཅའ་ཁྲིམས་དེ་ ལས་གཡོག་ལྷན་ཁག་དང་འཁྲིལ་བཟོ་ཡོདཔ་ལས་ མཐོ་གཏུགས་ཀྱི་ཞག་གྲངས་མེད་པ་ཅིན་ བཀོད་ཚོགས་ཀྱིས་ གྲོས་ཐག་བཅད་མི་ཚུ་ བསྟར་སྤྱོད་འབད་ནི་ལུ་ ལཱ་ཁག་འོང་ནི་མས་ཟེར་ཨིན་པས།
ཕུརཔ་རྡོ་རྗེ་གིས་ མཐོ་གཏུགས་འབད་ནིའི་ཚེས་གྲངས་དེ་ འགན་གྲོལ་བཏང་བའི་ ཚེས་གྲངས་ལས་རྩིས་ནི་མ་གཏོགས་ ཡི་གུ་ཐོབ་པའི་ཚེས་གྲངས་ལས་ མི་རྩིས་ཟེར་ཞུ་ཡི།
རྩོད་རྩ་བསོད་ནམས་རྡོ་རྗེ་གིས་ བྱ་ངན་ཚུ་ སྤྱི་ལོ་༢༠༡༦ གི་ ཧེ་མ་ལས་འབད་བའི་ ལཱ་ཅིག་ཨིན་རུང་ སྤྱི་ལོ་༢༠༡༦ ལོའི་ ལས་འཛིན་གྱི་ ལས་གཡོག་བཅའ་ཡིག་དང་འཁྲིལ་ ཉེས་འཛུགས་འབད་ནུག་ཟེར་བཀོད་མི་ལུ་ ཕུརཔ་རྡོ་རྗེ་གིས་༢༠༠༩ ལོའི་བཅའ་ཡིག་དེ་༢༠༡༦ གིས་ ཆ་མེད་འགྱོཝ་ཨིན་ཟེར་ཞུ་ཡི།
བཀོད་ཚོགས་ཀྱིས་ཐག་བཅད་མི་ལུ་ ཁེ་རྒུད་མ་བཏུབ་པ་ཅིན་ དུས་ཚོད་ཁར་ མཐོ་གཏུགས་འབད་དགོཔ་ཅིག་ཨིན་རུང་ དེ་སྦེ་མེད་མི་ལུ་བརྟེན་ ཁྲིམས་འདུན་གྱིས་ རྩོད་བཤེར་དེ་ ངོས་ལེན་འབད་ནིའི་ འོས་འབབ་མིན་འདུག་ཟེར་ཞུ་ཡི།
བཀོད་ཚོགས་ཀྱིས་ རྩོད་རྩ་ཁོ་ར་ འགན་གྲོལ་མ་བཏང་པའི་ཧེ་མར་ བདག་སྐྱོང་དང་འབྲེལ་བའི་ འགན་ཁུར་འཐུས་ཤོར་ཡོད་པའི་གནད་དོན་ལུ་ བཀོད་ཚོགས་ཀྱིས་ ཐེངས་དག་པ་ཅིག་ ཞལ་འཛོམས་འཚོགས་ཏེ་ མཉམ་འབྲེལ་གྱི་གྲོས་ཐག་བཅད་བཅདཔ་ཨིན་ཟེར་ཞུ་ཡི།
བསོད་ནམས་རྡོ་རྗེ་གིས་ ལས་འཛིན་གྱི་ ལས་གཡོག་བཅའ་ཁྲིམས་དང་འཁྲིལཝ་ད་ ཁོ་ལུ་ ཉེས་འཛུགས་ཚུ་ ག་ཅི་ར་ཡོདཔ་ཨིན་ན་ཚུ་ སླབ་དགོཔ་ཅིག་ཨིན་རུང་ དེ་ཚུ་ མ་འབད་ཟེར་མི་ལུ་ ཕུརཔ་རྡོ་རྗེ་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཧེ་མ་ལས་ ཞིབ་དཔྱད་འབད་ཡོདཔ་ལས་ ལས་འཛིན་གྱིས་འབད་ནི་དེ་ ནང་འཁོད་ཀྱི་ གནད་དོན་ཐོནམ་ད་རྐྱངམ་གཅིག་ འབད་དགོཔ་ཨིན་ཟེར་བཤད་ཅི།
བསོད་ནམས་རྡོ་རྗེ་གིས་ ཁོ་ལུ་ ཉེས་འཛུགས་ག་ཅི་འབད་ཡོདཔ་ཨིན་ན་ ཤེས་པ་ཅིན་ ཡིག་ཐོག་ལུ་ དོགས་སེལ་འབད་ནིའི་ གོ་སྐབས་ཡོད་རུང་ དེ་སྦེ་འབད་ནིའི་ གོ་སྐབས་མ་ཐོབ་ཟེར་ ཞུ་ཡོདཔ་ད་ རྩོད་བཤེར་དེའི་བརྒལ་ལན་དེ་ སྤྱི་ཟླ་༤ པའི་ཚེས་༥ ལུ་ འབད་ནི་ཨིན་པའི་གནས་ཚུལ།
བཀྲིས་བསྟན་འཛིན།