འབྲུག་གོང་འཕེལ་དངུལ་ཁང་གི་ འགོ་དཔོན་༡༥ དེ་ཅིག་ལུ་ སྒྲིགས་ལམ་གྱི་ དང་ལེན་འབད་ཡོདཔ།

༉ ཐིམ་ཕུག་འབྲུག་གོང་འཕེལ་དངུལ་ཁང་ཚད་འཛིན་གྱི་ བཀོད་ཚོགས་ཀྱིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཡི་གུ་ཅིག་ འབྱོར་མི་དང་འཁྲིལ་ དངུལ་ཁང་དེ་གི་ འབྲེལ་ཡོད་ལྟ་རྟོག་འགོ་དཔོན་༡༥ དེ་ཅིག་ལུ་ བདག་སྐྱོང་དང་འབྲེལ་བའི་ དང་ལེན་འབད་ནི་སྦེ་ གྲོས་ཐག་བཅད་ཡོདཔ་ཨིན་པས།
ལྷན་ཚོགས་ཀྱི་ བཀོད་རྒྱ་དང་འཁྲིལ་ བཀོད་ཚོགས་ཀྱིས་ འཐུས་ཤོར་བྱུང་པའི་ འགན་འཁྲི་བཀལ་བའི་ དང་ལེན་སྙན་ཞུ་དེ་ འབྲེལ་ཡོད་དབང་འཛིན་ལུ་ ད་རེས་ ཕུལ་ནི་ཨིན་ཟེར་ འབྲུག་གོང་འཕེལ་དངུལ་ཁང་གི་ བཀོད་ཚོགས་ཀྱི་ཁྲི་འཛིན་ མཆོད་རྟེན་དབང་ཕྱུག་གིས་ བཤདཔ་ཨིན་པས།
སྤྱི་ཟླ་༧ པའི་ཚེས་༡༧ ལུ་ ལྷན་ཚོགས་ཀྱིས་ འཐུས་ཤོར་གྱི་ འགན་འཁྲི་ཡོད་མི་ཚུ་ལུ་ བདག་སྐྱོང་དང་འབྲེལ་བའི་ དང་ལེན་འབད་དགོཔ་སྦེ་ དངུལ་ཁང་གི་ ཁྲི་འཛིན་ལུ་ ཡི་གུ་བཏང་མི་དེ་ཡང་ ཁ་ཉེས་ཕོག་མི་ པདྨ་དངོས་གྲུབ་ཀྱིས་ སྤྱི་ལོ་༢༠༡༣ དང་༢༠༡༦ གི་བར་ན་ དངུལ་ཀྲམ་ས་ཡ་༥༧༦ ལྷགཔ་ཅིག་ ཨོ་ཌི་ཟེར་མི་ སྐྱིན་འགྲུལ་གསོག་འཇོག་མ་དངུལ་དང་ དུས་མཚམས་སྐྱིན་འགྲུལ་ཚུ་ གཡོ་སྒྱུའི་ཐོག་ལས་ ཡར་སེང་འབད་བྱིན་མི་དེ་ ལྟ་བཀོདཔ་དང་ ལམ་ལུགས་ལེགས་ཤོམ་མེད་མི་ཚུ་ལུ་ གོ་སྐབས་ལེན་ནི་དེ་གིས་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ སྤྱི་ཟླ་༦ པའི་ཚེས་༢༢ ལུ་ ཉེས་བཤེར་གྱི་དོན་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ བཏང་མི་ ཞིབ་དཔྱད་སྙན་ཞུ་དང་འཁྲིལཝ་ད་ པདྨ་དངོས་གྲུབ་ཀྱིས་ སྐྱིན་འགྲུལ་གྱི་ རྩིས་ཁྲ་༦༧ འཆང་མི་ ལས་མགྲོན་པ་༥༥ ལུ་ སྐྱིན་འགྲུལ་ཚོགས་ཆུང་ལས་ གནང་བ་མེད་པར་ སྐྱིན་འགྲུལ་ལན་ཐེངས་༡༣༩ ཡར་སེང་འབད་དེ་ དངུལ་ཀྲམ་བསྡོམས་ས་ཡ་༥༧༦.༤༦༩ བྱིན་ཡོད་པའི་ མངོན་གསལ་བྱུང་ནུག།
དངུལ་ཁང་གི་ཁྲི་འཛིན་ མཆོད་རྟེན་དབང་ཕྱུག་གིས་ སླབ་མིའི་ནང་ སྤྱི་ཟླ་༨ པའི་ཚེས་༡༤ ལུ་ བཀོད་ཚོགས་ཀྱི་ ཞལ་འཛོམས་འཚོགས་པའི་ཤུལ་ལས་ བཀོད་ཚོགས་གནས་རིམ་གྱི་ ནང་འཁོད་རྩིས་ཞིབ་སྡེ་ཚན་གྱིས་ བསྐྱར་ཞིབ་འབད་མི་དང་འཁྲིལ་ དངུལ་ཁང་དེ་གི་ ལས་ཁུངས་དང་ འབྲེལ་ཡོད་སྡེ་ཚན་ཁག་སོ་སོའི་ འགོ་འཛིན་དང་ ལྟ་བཀོདཔ་ཚུ་ལུ་ འཐུས་ཤོར་གྱི་ ཚབས་ཆེ་ཆུང་དང་འཁྲིལ་ ཟླཝ་༦ ལས་ ལོ་ངོ་༣ ཚུན་ཚོད་ གོ་གནས་ཡར་སེང་དང་ སློབ་སྦྱོང་གི་ གོ་སྐབས་ཚུ་ བཀག་འཛིན་འབད་ནི་སྦེ་ གྲོས་ཐག་བཅད་ཟེར་ཨིན་པས།
བཀོད་ཚོགས་ཀྱི་ ཁ་ཐུག་ལས་ འབྲེལ་ཡོད་འགོ་དཔོན་ཚུ་ལུ་ བདག་སྐྱོང་གི་དང་ལེན་ འོས་ལྡན་ཐོག་ ལེན་ནི་སྦེ་ ཐག་བཅད་མི་དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཡི་གུའི་ནང་ གལ་སྲིད་ བཀོད་ཚོགས་ཀྱིས་ འབྲེལ་ཡོད་འགོ་དཔོན་ཚུ་ལུ་ སྒྲིགས་ལམ་གྱི་ དང་ལེན་འབད་མི་དེ་ ལྷན་ཚོགས་ལུ་ ངེས་ཤེས་འདྲོངས་མ་ཚུགས་པ་ཅིན་ ངན་ལྷད་བཀག་སྡོམ་བཅའ་ཁྲིམས་ཀྱིས་ དབང་ཚད་གནང་མི་དང་བསྟུན་ གནད་དོན་དེ་གི་སྐོར་ དགོས་མཁོ་ཡོད་པའི་ དང་ལེན་འབད་འོང་ཟེར་ བཀོད་ཡོད་ནི་དེ་གིས་ ཁྲི་འཛིན་གྱིས་ བཤདཔ་ཨིན་པས།
ལྷན་ཚོགས་ཀྱི་ ཡི་གུའི་ནང་ པདྨ་དངོས་གྲུབ་ཀྱིས་ སྐྱིན་འགྲུལ་རྩིས་ཁྲ་༦༧ ནང་ གཡོ་སྒྱུའི་ཐོག་ལས་ སྐྱིན་འགྲུལ་ལན་ཐེངས་༡༣༩ ཡར་སེང་འབད་དེ་ བྱིན་པའི་སྐབས་ ཁོ་རའི་ལྟ་བཀོདཔ་ འཛིན་སྐྱོང་གཙོ་འཛིན་གྱིས་ གཡོ་སྒྱུ་ལག་ལེན་ ལན་ཐེངས་གཅིག་ཡང་ བདའ་མ་ཟུན་པས་ཟེར་བཀོད་ནུག།
འཛིན་སྐྱོང་གཙོ་འཛིན་གྱིས་ སྐྱིན་འགྲུལ་སྤྲོད་མི་དང་ ཡར་སེང་ཐོག་བྱིན་མིའི་ གནས་སྟངས་ལུ་ དུས་རྒྱུན་དུ་ ལྟ་རྟོག་དང་ ཁྲིམས་མཐུན་ཡོད་མེད་ བདེན་དཔྱད་འབད་ཡོད་པ་ཅིན་ ཚར་ཅིག་འབདཝ་ད་ ཚུལ་མིན་ལག་ལེན་ཚུ་ བདའ་ཟུན་ཟུནམ་འོང་ཟེར་ ཡི་གུའི་ནང་བཀོད་ནུག།
དེ་མ་ཚད་ སྤྱི་ལོ་༢༠༡༣ ལུ་ཡང་ ལས་འགུལ་འགོ་དཔོན་གཞན་ཅིག་གིས་ སྐྱིན་འགྲུལ་ཡར་སེང་དང་འབྲེལ་བའི་ བྱ་ངན་འཐབ་མི་ལུ་བརྟེན་ ཁྲིམས་འདུན་གྱིས་ མ་འོངས་པ་ལུ་ ལས་གཡོགཔ་ཚུ་གིས་ འདི་བཟུམ་མའི་ གཡོ་སྒྱུ་ལག་ལེན་འཐབ་ནི་ལས་ བཀག་ཐབས་ལུ་ ལམ་ལུགས་ལུ་ བསྐྱར་ཞིབ་འབད་དེ་ ལེགས་བཅོས་འབད་དགོ་པའི་ བཀའ་རྒྱ་གནང་སྟེ་ཡོད་རུང་ དངུལ་ཁང་གི་ འཛིན་སྐྱོང་གིས་ ལམ་ལུགས་དེ་ ལེགས་བཅོས་མ་འབད་བར་ སྔར་ག་ཨིནམ་སྦེ་ར་ བསྟར་སྤྱོད་འབད་སྡོད་ནུག་ཟེར་ཨིན་པས།
ལྷན་ཚོགས་ཀྱིས་ པདྨ་དངོས་གྲུབ་ལུ་ ཡིག་ཚང་བྱ་སྒོ་ལོག་སྤྱོད་དང་ ནང་གསུག་ལེན་ལེནམ་ མིང་རྟགས་རྫུས་བཟོ་ མགུ་སྐོར་ལག་ལེན་ལ་སོགས་པའི་ ཉེས་འཛུགས་ཁག་༢༡༡ བཀལ་ཡོདཔ་མ་ཚད་ ལས་མགྲོན་པ་གཞན་༨ ལུ་ ནང་གསུག་སྤྲོད་ལེན་འབད་བའི་ ཉེས་འཛུགས་ཚུ་ བཀལ་དགོཔ་སྦེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ གྲོས་འདེབས་བཀོད་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

འབྲུག་པའི་ ཨམ་སྲུའི་ཕུཊ་བཱོལ་སྡེ་ཚན་ཚུ་གིས་ རྒྱལ་ཁ་ཐོབ་མ་ཚུགས་པར་ཡོདཔ།

༉ འདས་པའི་བདུན་ཕྲག་ལས་འགོ་བཙུགས་ སྤྱི་ཟླ་༣ པའི་ཚེས་༢༨ ཚུན་ བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ རྒྱལ་སྤྱི་ཕུཊ༌བཱོལ་རྩེད་ཐང་ནང་སྦེ་ ལྷོ་ཨེ་ཤི་ཡཱན་ ཨམ་སྲུའི་ཕུཊ་བཱོལ་དོ་འགྲན་འབད་མིའི་ནང་ འབྲུག་ལས་ སྐྱེས་ལོ་༡༧ མན་ཆད་འབད་མི་ རྒྱལ་ཡོངས་ཨམ་སྲུའི་ཕུཊ༌བཱོལ་སྡེ་ཚན་གྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *