འབྲུག་གོང་འཕེལ་དངུལ་ཁང་གི་ མ་དངུལ་ལོག་སྤྱོད་འབད་མིའི་ནང་ མི་༡༢ ལུ་ཉེས་འཛུགས།

༉ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ འབྲུག་གོང་འཕེལ་དངུལ་ཁང་ལས་འཛིན་ནང་ གཡོ་སྒྱུ་དང་ ལྐོག་ཟ་འབད་བའི་ ཞིབ་དཔྱད་སྙན་ཞུ་ལུ་ ཟླཝ་༡༡ གི་རིང་ བསྐྱར་ཞིབ་འབད་བའི་ཤུལ་ལས་ མི་༡༢ ལུ་ ཉེས་འཛུགས་འབད་དེ་ ཁ་ཙ་ ཐིམ་ཕུག་རྫོང་ཁག་ཁྲིམས་འདུན་ལུ་ བཤེར་ཡིག་བཙུགས་ཡོདཔ་ཨིན་པས།
རྩོད་དོན་དེ་ཡང་ དངུལ་ཁང་གི་ ལས་བྱེདཔ་ཅིག་དང་ ཚོང་མགྲོན་གྱི་ ཞབས་ཏོག་ལེན་མི་༥༥ ལུ་ དངུལ་ཁང་གི་ སྐྱིན་འགྲུལ་དང་ ཁྲིམས་དོན་ལས་ཁུངས་ཀྱིས་ མ་ཤེསཔ་སྦེ་ སྐྱིན་འགྲུལ་དངུལ་ཀྲམ་ས་ཡ་༥༧༦.༤༦༩ བྱིན་མི་དེ་གིས་ ལས་བྱེདཔ་དེ་ལུ་ དངུལ་ཀྲམ་ས་ཡ་༤༢༢ ཁེ་ཕན་བྱུང་ཡོདཔ་སྦེ་ ཉེས་འཛུགས་ནང་བཀོད་ནུག།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ དངུལ་ཁང་གི་ལས་འགུལ་འགོ་དཔོན་ པདྨ་དངོས་གྲུབ་ལུ་ ཚུལ་མིན་ཐོག་ལས་ སྐྱིན་འགྲུལ་དངུལ་ཀྲམ་ས་ཡ་༤༠༣ བྱིན་མི་ལུ་བརྟེན་ མ་དངུལ་ལོག་སྤྱོད་ཀྱི་ ཉེས་འཛུགས་ཁག་༧༩ འབད་ཡོདཔ་མ་ཚད་ དངུལ་ཀྲམ་ས་ཡ་༢༦ གནས་པའི་ དངུལ་འཛིན་ཅཱེག་རྫུས་མ་བཟོ་བའི་ ཉེས་འཛུགས་ཁག་གསུམ་བཀལ་ནུག།
ཁོ་གིས་ ངན་ལྷད་བཀག་སྡོམ་བཅའ་ཁྲིམས་༢༠༡༡ ཅན་མའི་ དོན་ཚན་༥༢ དང་འཁྲིལ་ མི་མང་གི་ཏི་རུ་ ལོག་སྤྱོད་འབད་བའི་ ཉེས་འཛུགས་འབད་ཡོདཔ་ད་ པདྨ་དངོས་གྲུབ་ལུ་ བཅའ་ཁྲིམས་དེ་གི་ དོན་ཚན་༥༨ ཀ་པ་དང་འཁྲིལ་ དངུལ་ཀྲམ་ཐེར་འབུམ་༡.༧ ལས་ བར་འཐུས་ལེན་མི་ལུ་བརྟེན་ ཉེས་འཛུགས་ཁག་༦༠ འབད་ནུག།
འབྲུག་གི་ཉེས་འགེལ་ཁྲིམས་དེབ་༢༠༠༤ ཅན་མ་དང་འཁྲིལ་ ཁོ་གིས་ ནང་འཁོད་བཀའ་རྒྱ་བྱིན་མི་དང་ དངུལ་འཛིན་ཅཱེག་རྫུས་མ་བཟོ་བའི་ ཉེས་འཛུགས་ཁག་༤༣ འབད་ཡོད་པའི་ཁར་ དངུལ་ཀྲམ་ས་ཡ་༡.༥ གནས་པའི་ ནང་གསུག་ལེན་པའི་ཉེས་འཛུགས་ཡང་འབད་ནུག།
ཁོ་གིས་ དངུལ་ཁང་གི་ ཚོང་མགྲོན་པ་ རིག་འཛིན་གྱི་ མིང་ཐོ་ཁར་ ཡར་རྒྱས་ས་རྐོ་འཕྲུལ་ཆས་ཚོང་འབྲེལ་འཐབ་མི་ལས་ དངུལ་ཀྲམ་ས་ཡ་༢.༤ གནས་པའི་ མ་ཧིན་ད་ར་ བེག་ཧོ་ཉོ་ཡོད་མི་དེ་ སྐྱིན་འགྲུལ་ཧྲིལ་བུ་ཐོབ་ཐབས་ལུ་ འཕྲུལ་ཆས་དེ་གི་ གོང་ཚད་དེ་ དངུལ་ཀྲམ་ས་ཡ་༤.༨ ལུ་ ཡར་སེང་འབད་དེ་ རྫུས་མ་བཟོ་ཡོདཔ་ལས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་༣༠༩ ཀ་པ་དང་འཁྲིལ་ གཡོ་སྒྱུ་འབད་བའི་ ཉེས་འཛུགས་འབད་ཡོདཔ་ཨིན་པས།
པདྨ་དངོས་གྲུབ་ལུ་ ངན་ལྷད་བཀག་སྡོམ་བཅའ་ཁྲིམས་༢༠༡༡ ཅན་མའི་ དོན་ཚན་༦༠ དང་པའི་ཁ་པ་དང་འཁྲིལཝ་ད་ ཁོ་ལུ་ དངུལ་ཀྲམ་ས་ཡ་༧༦ གནས་པའི་ རྒྱུས་དངོས་ཡོད་མི་དེ་ལུ་ ར་ཁུངས་སྐྱེལ་མ་ཚུགས་པའི་ ཉེས་འཛུགས་འབད་ཡོདཔ་ཨིན་པས།
བཤེར་ཡིག་ནང་ པདྨ་དངོས་གྲུབ་ཀྱི་ ལོ་བསྟར་འོང་འབབ་དེ་ འཐུས་ཚུ་ག་ར་བརྩིསཝ་ད་ དངུལ་ཀྲམ་ས་ཡ་༠.༤ དེ་ཅིག་ཨིན་རུང་ ཁོ་ལུ་ དངུལ་ཀྲམ་ས་ཡ་༧༦ གནས་པའི་ རྒྱུ་དངོས་འདུག་ཟེར་ བཀོད་ཡོད་པའི་ཁར་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ དངུལ་ཀྲམ་ས་ཡ་༤.༢ དེ་ སྐྱེད་དང་སྦྲགས་ཏེ་ གཞུང་ལུ་ སོར་ཆུད་འབད་དགོཔ་སྦེ་ ཞུ་ཡོདཔ་ད་ ཁོ་གི་སྣུམ་འཁོར་ ཧའི་ལགསི་དང་ ཝེ་ལོསི་ཊར་དམརཔོ་དང་ རྐང་འཁོར་བ་ཡེག་གསུམ་ དེ་ལས་ སྐྱིན་འགྲུལ་གྲོགས་རམ་ཐོག་ལས་ ས་ཉོ་ཡོད་མི་དང་ ཚོང་མགྲོན་པ་ཅིག་གིས་ ཁྱོསམ་སྦེ་བྱིན་མི་ ཝེ་ལོསི་ཊར་དེ་ཡང་ འཕྱོག་བཟུང་འབད་དགོཔ་སྦེ་བཀོད་ནུག།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ བྱ་ངན་དེ་ནང་ འབྲེལ་བ་ཡོད་མི་ དངུལ་ཁང་དེ་གི་ ཚོང་མགྲོན་པ་བསྡོམས་༩ རྩོད་བཤེར་འབད་དགོཔ་སྦེ་ གྲོས་འདེབས་འབད་ཡོད་རུང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ མི་༡༡ ལུ་ རྩོད་བཤེར་འབད་དགོ་པའི་ བཤེར་ཡིག་བཙུགས་ཡོདཔ་ཨིན་པས།
སྤ་རོ་ལུ་ཡོད་མི་ འབྲུག་ལྷ་ཡུལ་བཟོ་སྐྲུན་སྒེར་སྡེ་ལས་ དཔལ་ལྡན་རྡོ་རྗེ་གིས་ སྐྱིན་འགྲུལ་དངུལ་ཀྲམ་ས་ཡ་༩༦.༡ ལོག་སྤྱོད་འབད་ནིའི་ནང་ གྲལ་གཏོགས་འབད་མི་ལུ་བརྟེན་ ཉེས་འཛུགས་ཁག་༨ འབད་ཡོདཔ་མ་ཚད་ ཁོ་ལུ་ དངུལ་ཀྲམ་ས་ཡ་༢.༦ གནས་པའི་ དངུལ་འཛིན་ཅཱེག་རྫུས་བཟོ་དང་ ལོག་སྤྱོད་ནང་ གྲལ་གཏོགས་འབད་བའི་ ཉེས་འཛུགས་ཁག་གསུམ་འབད་ནུག།
ཁོ་ལུ་ ངན་ལྷད་བཀག་སྡོམ་བཅའ་ཁྲིམས་ཀྱི་ དོན་ཚན་༥༢ དང་༧༥ པ་ལས་ འགལ་ཡོད་པའི་ ཉེས་འཛུགས་འབད་ནུག།
དེ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཐིམ་ཕུག་ཨོ་ལ་ཁ་ལུ་ཡོད་མི་ ཊི་ཊི་སྣུམ་འཁོར་བཅོ་ཁང་གི་ བསོད་ནམས་དབང་རྒྱལ་ལུ་ ཚུལ་མིན་ཐོག་ལས་ སྐྱིན་འགྲུལ་དངུལ་ཀྲམ་ས་ཡ་༣.༢ ལེན་མིའི་ནང་ གྲལ་གཏོགས་འབད་མི་ལུ་བརྟེན་ མ་དངུལ་ལོག་སྤྱོད་དང་འབྲེལ་བའི་ ཉེས་འཛུགས་ཁག་༢༡ འབད་ཡོདཔ་ད་ ཁོ་གིས་ པདྨ་དངོས་གྲུབ་ལུ་ དངུལ་ཀྲམ་ས་ཡ་༡ གནས་པའི་ སྣུམ་འཁོར་ཝེ་ལོསི་ཊར་ཧོནམ་བྱིན་མི་དེ་ ནང་གསུག་ཨིན་པའི་ ཉེས་འཛུགས་འབད་ཡོདཔ་ཨིན་པས།
བསོད་ནམས་དབང་རྒྱལ་གྱི་ཕོ་རྒནམ་ ཀུན་ལེགས་དངོས་གྲུབ་དེ་ ཚུལ་མིན་ཐོག་ལས་ སྐྱིན་འགྲུལ་དངུལ་ཀྲམ་༥༠༠,༠༠༠ ལེན་པའི་སྐབས་ གྲལ་གཏོགས་འབད་བའི་ ཉེས་འཛུགས་འབད་ཡོདཔ་ད་ བཱུ་ཊན་ཚོང་ལས་ཀྱི་ཇོ་བདག་ བཟང་ལ་ལུ་ ཚུལ་མིན་གྱི་སྐྱིན་འགྲུལ་དངུལ་ཀྲམ་ས་ཡ་༡༢༩ ལེན་པའི་སྐབས་ གྲལ་གཏོགས་འབད་མི་ལུ་ ཉེས་འཛུགས་ཁག་༡༡ འབད་ཡོདཔ་ད་ ཁོ་གིས་ པདྨ་དངོས་གྲུབ་ལུ་ དངུལ་ཀྲམ་༡༥༠,༠༠༠ ནང་གསུག་བྱིན་པའི་ ཉེས་འཛུགས་འབད་ནུག།
ཛམ་བྷ་ལ་ཤིང་བཟོ་དང་ སྒྲ་དབྱངས་ཀྱི་ དཀར་ཅུང་གིས་ དངུལ་ཀྲམ་ས་ཡ་༧ སྐྱིན་འགྲུལ་ཚུལ་མིན་ལེན་པའི་སྐབས་ གྲལ་གཏོགས་འབད་མི་ལུ་བརྟེན་ ཉེས་འཛུགས་ཁག་གསུམ་འབད་ཡོདཔ་ད་ བྱང་ཆུབ་བཟོ་སྐྲུན་ལས་སྡེ་གི་ རིག་འཛིན་ལུ་ཡང་ སྐྱིན་འགྲུལ་ཚུལ་མིན་ཐོག་ལས་ དངུལ་ཀྲམ་ས་ཡ་༢༣ ལེན་མིའི་ནང་ གྲལ་གཏོགས་འབད་མི་ལུ་བརྟེན་ ཉེས་འཛུགས་ཁག་བཞི་འབད་ཡོདཔ་མ་ཚད་ ཁོ་གིས་ཡང་ པདྨ་དངོས་གྲུབ་ལུ་ དངུལ་ཀྲམ་༨༠,༠༠༠ བྱིན་མི་དེ་ ནང་གསུག་ཨིན་པའི་ ཉེས་འཛུགས་འབད་ནུག།
རིག་འཛིན་གྱི་ནུ་གཅུང་ དབང་ཕྱུག་ལུ་ དངུལ་ཀྲམ་ས་ཡ་༢༠.༥ གནས་པའི་ སྐྱིན་འགྲུལ་བྱིན་མི་དེ་ ཚུལ་མིན་ཨིན་པའི་ཁར་ དངུལ་ཀྲམ་༥༥,༠༠༠ ནང་གསུག་བྱིན་པའི་ ཉེས་འཛུགས་ཁག་ལྔ་འབད་ནུག།
ཡར་རྒྱས་ས་རྐོ་འཕྲུལ་ཆས་ཚོང་འབྲེལ་འཐབ་མི་ བསྟན་འཛིན་རྒྱ་མཚོ་ལུ་ ཚུལ་མིན་ཐོག་ལས་ སྐྱིན་འགྲུལ་དངུལ་ཀྲམ་ས་ཡ་༦༣ ལེན་ནིའི་ནང་ གྲལ་གཏོགས་འབད་མི་དང་ ནང་གསུག་དངུལ་ཀྲམ་༡༠༠,༠༠༠ བྱིན་ཏེ་ འཕྲུལ་ཆས་བེག་ཧོ་ཉོ་ནིའི་ནང་ ཚུལ་མིན་གྱི་གྲལ་གཏོགས་འབད་བའི་ ཉེས་འཛུགས་ཁག་༧ འབད་ནུག།
ལྕང་རྒེད་འོག་ལས་ཨིན་མི་ ཐུགས་རྗེ་བཟང་མོ་གིས་ སྐྱིན་འགྲུལ་དངུལ་ཀྲམ་ས་ཡ་༩.༣ ལེན་པའི་ཁར་ ནང་གསུག་དངུལ་ཀྲམ་༡༠༠,༠༠༠ བྱིན་པའི་ ཉེས་འཛུགས་ཁག་༦ འབད་ཡོདཔ་ད་ ཐིམ་ཕུག་ལུ་ཡོད་མི་ ཨིསི་པིཌ་ཝེ་ སྣ་ཚོགས་ཚོང་ཁང་གི་ ཉིམ་རྡོ་རྗེ་ལུ་ སྐྱིན་འགྲུལ་དངུལ་ཀྲམ་ས་ཡ་༡.༥ ཚུལ་མིན་ཐོག་ལས་ བྱིན་པའི་ཁར་ ནང་གསུག་དངུལ་ཀྲམ་༣༠,༠༠༠ བྱིན་མི་ལུ་ ཉེས་འཛུགས་ཁག་༡༣ འབད་ཡོདཔ་ད་ ཇེ་ཝའི་ཌི་གི་ འཇམ་དབྱངས་ཀྱིས་ སྐྱིན་འགྲུལ་དངུལ་ཀྲམ་ས་ཡ་༧.༡ ཚུལ་མིན་ཐོག་ལས་ ལེན་པའི་ཁར་ ནང་གསུག་དངུལ་ཀྲམ་༥༠,༠༠༠ ལེན་པའི་ ཉེས་འཛུགས་ཁག་༡༠ འབད་ཡོདཔ་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཉེས་འཛུགས་ཅན་༡༡ ག་ར་ལུ་ ཚུལ་མིན་ཐོག་ལས་ སྐྱེད་ཐོབ་མི་ མ་དངུལ་ཚུ་ གཞུང་ལུ་སོར་ཆུད་འབད་བཅུག་དགོ་པའི་ ཞུ་བ་འབད་ནུག།
གནད་དོན་དེའི་སྐོར་ལས་ འགོ་དང་པ་ གསལ་སྟོན་འབད་བའི་སྐབས་ ཉེས་འཛུགས་ཅན་ པདྨ་དངོས་གྲུབ་ཀྱིས་ སྐྱིན་འགྲུལ་ཚོགས་ཆུང་གི་ ཞལ་འཛོམས་ནང་བཙུགས་ཏེ་ ཆ་འཇོག་མ་འབད་མི་ ཚོང་མགྲོན་པ་༤༥ གི་ སྐྱིན་འགྲུལ་དངུལ་ཀྲམ་ས་ཡ་༦༥༥.༥༥ ལུ་ ཚུལ་མིན་ཐོག་ལས་ སྐྱིན་འགྲུལ་བྱིན་པའི་ཁར་ དུས་ཚོད་ཁར་ བཏབ་མ་ཚུགས་པའི་ མཐུན་རྐྱེན་ཚུ་ བྱིན་ཡོདཔ་སྦེ་ ཐོན་ཡོད་རུང་ ཤུལ་ལས་ ཚོང་མགྲོན་པ་༥༥ ལུ་དང་ དངུལ་འབོར་ཡང་ ས་ཡ་༥༧༦.༤༦༩ ལུ་ ཡར་སེང་སོང་ཡོདཔ་ཨིན་པས།
བྱ་ངན་དེ་ འབད་ནིའི་དོན་ལུ་ སྐྱིན་འགྲུལ་འགོ་དཔོན་དེ་གིས་ སྐྱིན་འགྲུལ་ལམ་ལུགས་ནང་ སྐྱིན་འགྲུལ་ཐེབས་བྱིན་པའི་སྐབས་ མདོག་གཏད་ཀྱི་ གོང་ཚད་ཡར་སེང་འབད་དེ་ སྐྱིན་འགྲུལ་འགོ་དཔོན་གཞན་ཚུ་གིས་ མ་ཤེསཔ་སྦེ་བཟོ་སྟེ་ སྐྱིན་འགྲུལ་བྱིན་ཡོདཔ་ད་ ཚུལ་མིན་ཐོག་ལས་ བྱིན་པའི་སྐབས་ ཁོ་རའི་འགོ་དཔོན་ཚུ་གིས་ ཤེས་མ་ཚུགས་ཨིན་པས།
པདྨ་དངོས་གྲུབ་ཀྱིས་ ཚུལ་མིན་འབད་ནིའི་དོན་ལུ་ ཁྲིམས་དོན་འགོ་དཔོན་ལས་རོགསཔ་གཉིས་ཀྱི་ མིང་རྟགས་ཐེངས་༤༢ རྫུས་མ་རྐྱབ་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *