འབྲུག་གིས་ སོར་བསྒྱུར་གྱི་དོན་ལུ་ ཚོགས་རྒྱན་བཙུགས་ཡོདཔ།

འབྲུག་པའི་མི་སེར་ཚུ་གིས་ ད་རུང་ཡང་ སོར་བསྒྱུར་གྱི་དོན་ལུ་ གདམ་ཁ་རྐྱབ་ཅི།

དེ་ཡང་ ཁ་ཙ་ འབྲུག་མཉམ་རུབ་ཚོགས་པ་གིས་ འདེམས་ཁོངས་༤༧ ལས་༣༠ ཐོབ་ལས་ སྤྱི་ཚོགས་༣ པའི་རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ནང་ལས་ རྒྱལ་ཁ་ཐོབ་ཅི།

ཚོགས་པའི་གཙོ་འཛིན་ བློ་གྲོས་ཚེ་རིང་གིས་ སྐུལ་བསྒྲགས་ཚུ་གི་སྐབས་ གསལ་བཤད་འབད་དོ་བཟུམ་ མཉམ་རུབ་ཚོགས་པ་གིས་ ནུབ་ཕྱོགས་དང་ ལྷོ་མཚམས་རྫོང་ཁག་༡༢ ཆ་མཉམ་གྱི་ འདེམས་ཁོངས་༢༦ ནང་ རྒྱལ་ཁ་ཐོབ་ཅི།

ད་རུང་ ཚོགས་པ་གིས་ ཤར་ཕྱོགས་ཁ་ཐུག་ལས་ འདེམས་ཁོངས་དག་པ་ཅིག་ རྒྱལ་ནིའི་དོན་ལས་ ཐབས་བྱུས་བཏོན་མི་དེ་ མཐར་འཁྱོལ་བྱུང་མི་དེ་ཡང་ ཚོགས་པ་གིས་ འགོ་ཐོག་བཙག་འཐུ་དང་ཕྱདཔ་ད་ འདེམས་ཁྲི་༣ མངམ་ཐོབ་ཡོདཔ་ད་ འགོ་ཐོག་བཙག་འཐུ་ནང་ འབྲུག་ཕུན་སུམ་ཚོགས་པ་གིས་ བཀྲིས་སྒང་ར་ལྡི་-སག་སྟེང་དང་ ཁྲིམས་ཤིང་-རྐང་པ་ར་འདེམས་ཁོངས་༢ རྒྱལ་ཁ་ཐོབ་མི་དེ་ མཉམ་རུབ་ཚོགས་པ་ལུ་ ཤོར་ཡོདཔ་མ་ཚད་ མོང་སྒར་འདེམས་ཁོངས་ཀྱིས་ཡང་ མཉམ་རུབ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་ནུག།

ཧེ་མའི་ལྡོག་ཕྱོགས་ཚོགས་པ་ འབྲུག་ཕུན་སུམ་ཚོགས་པ་གིས་ འདེམས་ཁོངས་༡༧ ཐོབ་མི་དེ་ སྤྱི་ལོ་༢༠༡༣ གྱི་ སྤྱིར་བཏང་བཙག་འཐུ་ལས་ འདེམས་ཁོངས་༢ ཡར་འཕར་སོང་ཡི།

ཚོགས་པ་དེ་གིས་ རྫོང་ཁག་༥ འི་འདེམས་ཁོངས་ཆ་མཉམ་ལས་ རྒྱལ་ཁ་ཐོབ་ཡོད་རུང་ འགོ་ཐོག་བཙག་འཐུའི་ནང་ རྒྱལ་ཁ་ཐོབ་མི་ འདེམས་ཁོངས་༣ མཉམ་རུབ་ཚོགས་པ་ལུ་ ཤོར་མི་དེ་ཡང་ བཀྲིས་སྒང་ལས་༢ དང་ མོང་སྒར་ལས་༡ ཨིནམ་ད་ སྤ་རོ་ལམ་གོང་-ཝང་ཅང་འདེམས་ཁོངས་དང་ བསམ་རྩེ་རྡོ་ཕུག་ཅན་-རྟ་སྡིངས་འདེམས་ཁོངས་༢ པོ་དེ་ འགོ་ཐོག་བཙག་འཐུ་ནང་ ཕུན་སུམ་ཚོགས་པ་གིས་ རྒྱལ་མི་དེ་ཡང་ མཉམ་རུབ་ཚོགས་པ་ལུ་ ཤོར་སོ་ཡི།

ཕུན་སུམ་ཚོགས་པའི་ གཙོ་འཛིན་བརྩིས་ཏེ་ འདེམས་ངོ་༥ གནས་ཡུན་ཐེངས་གསུམ་གྱི་དོན་ལུ་ བཙག་འཐུ་གྲུབ་ཡོདཔ་མ་ཚད་ འདེམས་ངོ་༢ གནས་ཡུན་གཉིས་པའི་དོན་ལུ་ བཙག་འཐུ་གྲུབ་ནུག།

ཁ་ཙ་ འབྲུག་མཉམ་རུམ་ཚོགས་པ་གིས་ རྒྱལ་ཁ་ཐོབ་མི་དེ་ ཧ་ལས་དགོཔ་ཅིག་མེད་མི་དེ་ཡང་ ཚོགས་པ་དེ་གིས་ འགོ་ཐོག་བཙག་འཐུ་ནང་ ཚོགས་རྒྱན་གྱི་ གྱངས་ཁ་མཐོ་ཤོས་ཐོབ་མི་ལུ་བརྟེན་ ཚོགས་རྒྱན་བཙུགས་མི་ ལེ་ཤ་ཅིག་གིས་ རྒྱལ་ཁ་འཐོབ་ནི་ཨིན་པའི་ སྔོན་བཤད་འབད་ཡོདཔ་མ་ཚད་ གཙོ་འཛིན་བློ་གྲོས་ཚེ་རིང་གིས་ མི་སེར་དམངས་གཙོ་ཚོགས་པའི་ རྒྱབ་སྐྱོར་པ་ཚུ་གི་ ཚོགས་རྒྱན་ཆ་མཉམ་ར་ ཁོ་གི་ ཚོགས་པ་གིས་ འཐོབ་འོང་ཟེར་ སླབ་ནི་དེ་གིས་ཨིན་པས།

ད་རུང་ ཚོགས་པ་གིས་ བརྡ་དོན་གྱི་དོན་ལུ་ ཝའི་ཕི་རིན་མེད་སྟོང་པར་ བྱིན་ནི་དང་ སློབ་རིམ་༡༠ པའི་ཆོས་རྒྱུགས་མེདཔ་བཟོ་ནི་  དེ་ལས་ འཐུང་ཆུ་དང་ ཁྱིམ་གྱི་དཀའ་ངལ་ཚུ་སེལ་ནིའི་ ཁས་བླངས་འབད་མི་ཚུ་གིས་ཡང་ ཚོགས་རྒྱན་བཙུགས་མི་ཚུ་ལུ་ ཡིད་ཆེས་འདྲོངས་ཡོདཔ་ཨིན་པས།

ཨིན་རུང་ གཙོ་འཛིན་གྱིས་ ཤར་ཕྱོགས་ལུ་ འདེམས་ངོ་ལེ་ཤ་ཅིག་ལུ་ བློན་པོའི་གོ་གནས་བྱིན་ནི་ཨིན་པའི་ ཁས་བླངས་འབད་མི་དེ་གིས་ ཚོགས་རྒྱན་བཙུགས་མི་ཚུ་གི་ སེམས་བསྒྱུར་བཅོས་འབད་ནི་ལུ་ ལྷན་ཐབས་བྱུང་མ་ཚུགས་པས།

ཁ་ཙ་ བཙག་འཐུ་ནང་ ཚོགས་རྒྱན་བཙུགས་མི་བརྒྱ་ཆ་༧༡ ལྷགཔ་ཅིག་ འོང་མི་དེ་ འགོ་ཐོག་བཙག་འཐུ་ལས་ བརྒྱ་ཆ་༥ དེ་ཅིག་ ཡར་སེང་སོང་ཡོད་པའི་གནས་ཚུལ།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *