ཤྲི་ལངྐ་ལུ་ གཱོལ་༦ བཙུགས་ཏེ་ རྒྱལ་ཁ་ཐོབ་མི་ འབྲུག་པའི་ཨམ་སྲུ་སྡེ་ཚན།

འབྲུག་གིས་ ཤྲི་ལངྐ་ལུ་ གཱོལ་༦ བཙུགས་ཏེ་ རྒྱལ་ ཁ་ཐོབ་ཡོདཔ།

༉ ལྷོ་ཨེ་ཤི་ཡན་རྐང་རིལ་ཚོགས་སྡེ་གི་ སྐྱེས་ལོ་༡༥ འོག་རྒྱུ་འབད་མི་ ཨམ་སྲུའི་རྐང་རིལ་དྲག་ཤོས་འགྲན་བསྡུར་༢༠༡༨ ཀྱི་ རྩེད་འགྲན་༣ པ་དེ་ སྤྱི་ཟླ་༨ པའི་ཚེས་༡༡ ལུ་ འབྲུག་དང་ ཤྲི་ལངྐའི་བར་ན་ རྩེད་འགྲན་འབད་བའི་སྐབས་ འབྲུག་པའི་སྡེ་ཚན་གྱིས་ གཱོལ་༦ བཙུགས་ཐོག་ལས་ རྒྱལ་ཁ་ཐོབ་ཅི།
རྩེད་འགྲན་དེ་ཡང་ ཐིམ་ཕུག་ལྕང་གླིང་མི་ཐང་ལུ་ ཕྱི་རུའི་ཆུ་ཚོད་༤ ལུ་ འགོ་བཙུགས་པའི་ཤུལ་ལས་ དུས་ཡུན་སྐར་མ་༩ གྱི་ནང་འཁོད་ལུ་ ཁེན་འཇར་ཨང་༡༠ གྱོན་མི་ གདོང་ཁར་རྩེད་མི་ བསོད་ནམས་ལྷ་མོ་གིས་ གཱོལ་དང་པམ་དེ་ བཙུགས་ཅི།
དེ་གི་ཤུལ་ལས་ ཤྲི་ལངྐ་དང་ འབྲུག་པའི་སྡེ་ཚན་ ༢ ཆ་རའི་བར་ན་ གཱོལ་བཙུགས་མ་ཚུགས་པར་ ཡུན་རིང་སོང་བའི་ཤུལ་ལས་ སྐར་མ་༣༧ ནང་ བསོད་ནམས་ལྷ་མོ་གིས་ ད་རུང་ གཱོལ་༢ པ་བཙུགས་ཏེ་ ཕྱེད་མཚམས་དང་པའི་ནང་ གཱོལ་༢-༠ སྦེ་ མཇུག་བསྡུ་ཡི།
བར་མཚམས་ཀྱི་ཤུལ་ལས་ ཡུན་རིངམོ་སྦེ་ ད་རུང་ གཱོལ་མ་བཙུགས་པར་སྡོད་པའི་ཤུལ་ལས་ སྐར་མ་༦༨ ནང་ ཁེན་འཇར་ཨང་༡༡ གྱོན་མི་ ཡེ་ཤེས་བུ་དར་གྱིས་ གཱོལ་༣ བཙུགས་ཡོདཔ་ད་ དེ་གི་ཤུལ་ལས་ བདེ་སྐྱིད་གཡང་འཛོམས་ཀྱིས་ སྐར་མ་༧༨ ལུ་ གཱོལ་༡ དང་ ད་རུང་ བསོད་ནམས་ལྷ་མོ་གིས་ སྐར་མ་༨༠ ལུ་ གཱོལ་༣ པ་བཙུགས་ཏེ་ གཱོལ་༥-༠ ལུ་ལྷོད་ཅི།

འབྲུག་དང་ ཤྲི་ལངྐའི་སྡེ་ཚན་བར་ན་ རྩེད་འགྲན་འབད་བའི་བསྒང་།

དེ་ལས་ རྩེད་འགྲན་མཇུག་བསྡུ་རནམ་ད་ ཡེ་ཤེས་བུ་དར་གྱིས་ ད་རུང་ མོ་གི་གཱོལ་༢ པ་བཙུགས་ཏེ་ གཱོལ་བསྡོམས་༦-༠ སྦེ་ རྩེད་འགྲན་མཇུག་བསྡུ་ཡི།
ལྷོ་ཨེ་ཤི་ཡན་རྐང་རིལ་ཚོགས་པའི་ སྐྱེས་ལོ་༡༥ འོག་རྒྱུའི་ ཨམ་སྲུའི་འགྲན་བསྡུར་དེ་ སྤྱི་ཟླ་༨ པའི་ཚེས་༩ ལུ་ འགོ་བཙུགས་ཡོདཔ་བཞིན་དུ་ རྩེད་འགྲན་དང་པ་དེ་ རྒྱ་གར་དང་ ཤྲི་ལངྐའི་བར་ན་ རྩེད་འགྲན་འབད་ཡི།
རྒྱ་གར་གྱིས་ གཱོལ་༡༢-༠ བཙུགས་ཏེ་ ཤྲི་ལངྐའི་སྡེ་ཚན་དེ་ ཕམ་བཏང་ཡོདཔ་ད་ རྒྱ་གར་གྱི་རྩེད་འགྲནཔ་ ཤིལ་ཀི་དེ་བི་གིས་ གཱོལ་དང་པ་བཙུགས་ཡོདཔ་མ་ཚད་ ཧེ་ཊིག་ཟེར་མི་ གཱོལ་༣ ལས་ལྷག་བཙུགས་མི་ འགོ་དང་པ་ཨིན་པས།
དེ་བཟུམ་སྦེ་ རྩེད་འགྲན་༢ པའི་ནང་ བང་ལ་དེཤ་གིས་ གཱོལ་༡༤-༠ བཙུགས་ཏེ་ པ་ཀཱིསི་ཏཱན་གྱི་སྡེ་ཚན་ ཕམ་བཏང་ཡི།
དེ་ལས་ རྩེད་འགྲན་༤ པམ་དེ་ པ་ཀིསི་ཏཱན་དང་ ནེ་པཱལ་གྱི་བར་ན་ རྩེད་འགྲན་འབད་བའི་སྐབས་ ནེ་པཱལ་སྡེ་ཚན་གྱིས་ གཱོལ་༤-༠ བཙུགས་ཏེ་ པ་ཀཱིསི་ཏཱན་ལས་ རྒྱལ་ཁ་ཐོབ་ཅི།
ད་རིས་ ཕྱི་རུའི་ཆུ་ཚོད་༤ ལུ་ རྩེད་འགྲན་དང་པ་དེ་ འབྲུག་དང་ རྒྱ་གར་གྱི་བར་ན་ རྩེད་འགྲན་འབད་ནི་ཨིནམ་ད་ རྩེད་འགྲན་༢ པམ་དེ་ ཕྱི་རུའི་ཆུ་ཚོད་༧ ལུ་ ནེ་པཱལ་དང་ བང་ལ་དེཤི་གི་བར་ན་ རྩེད་འགྲན་འབད་ནི་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

 

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *