༉ འཛམ་གླིང་སྤྱི་ཚོགས་ཡོངས་ཁྱབ་ཞལ་འཛོམས་ཐེངས་༧༣ པའི་ གྲོས་ཆོད་དང་འཁྲིལ་ འབྲུག་རྒྱལ་ཁབ་དེ་ གོང་འཕེལ་ཉུང་སུ་འགྱོ་མིའི་ རྒྱལ་ཁབ་ཀྱི་གྲས་ལས་ ཕྱིར་ཐོན་ཐོག་ གོང་འཕེལ་བར་མའི་གྲས་ཁར་ འཛུལ་ནི་ཨིན་པས།
གྲོས་ཆོད་དེ་དང་འཁྲིལ་ འབྲུག་རྒྱལ་ཁབ་དེ་ ད་ལས་ཕར་ གནས་ཚད་དེ་ནང་ལས་ ཕྱིར་འཐོན་འབད་ནིའི་དོན་ལུ་ ལོ་༥ འི་རིང་ གྲ་སྒྲིག་འབད་ནི་ཨིན་པས།
ཕྱི་འབྲེལ་ལྷན་ཁག་གིས་ གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལཝ་ད་ གསལ་བསྒྲགས་དེ་གིས་ འབྲུག་དེ་ མི་སྡེ་གོང་འཕེལ་གཏང་ནིའི་ནང་ གྲུབ་འབྲས་ཅན་འགྱོ་བའི་ རྟགས་མཚན་ཨིན་ཟེར་ བཤད་ཅི།
ཞལ་འཛོམས་སྐབས་ དཔལ་འབྱོར་དང་ མི་སྡེའི་ཚོགས་སྡེ་གིས་ འབྲུག་རྒྱལ་ཁབ་དེ་ གོང་འཕེལ་ཉུང་སུ་འགྱོ་མི་ རྒྱལ་ཁབ་ཀྱི་གྲས་ལས་ ཕྱིར་ཐོན་འབད་ནིའི་ གྲོས་འདེབས་འབད་མི་དང་འཁྲིལ་ གྲོས་ཐག་བཅད་ཡོདཔ་ཨིན་པས།
ཞལ་འཛོམས་དེ་ཡང་ ནིའུ་ཡོག་ལུ་ཡོད་མི་ འཛམ་གླིང་སྤྱི་ཚོགས་ ཡོངས་ཁྱབ་ཞལ་འཛོམས་ཡིག་ཚང་ལྟེ་བའི་ནང་སྦེ་ འགོ་འདྲེན་འཐབ་ཡོདཔ་ད་ གྲོས་ཆོད་དེ་དང་འཁྲིལཝ་ད་ འབྲུག་རྒྱལ་ཁབ་ཀྱིས་ སྤྱི་ལོ་༢༠༢༣ ཟླ་༡༢ པའི་ཚེས་༡༣ ཚུན་ ལོ་༥ འི་རིང་ གཞུང་འབྲེལ་ཐོག་ལས་ གྲ་སྒྲིག་འབད་ནིའི་ དུས་ཚོད་ནང་ འཛུལཝ་ཨིན་པས།
དཔལ་འབྱོར་དང་ མི་སྡེའི་ཚོགས་སྡེ་གིས་ གྲོས་ཐག་བཅད་མི་དང་འཁྲིལཝ་ད་ ལོ་༥ འི་འཆར་གཞི་༡༢ པ་དེ་ འཆར་གཞི་མཇུག་བསྡུ་ནི་ཨིན་པའི་ཁར་ གྲ་སྒྲིག་གི་ དུས་ཚོད་དེ་ཡང་ ལོ་༥ འི་འཆར་གཞི་མཇུག་བསྡུཝ་དང་འབྲེལ་ ཧ་ལམ་ དུས་མཉམ་ཕོག་ནི་ཨིན་པས།
འབྲུག་གིས་ ལོ་ལྔའི་ནང་འཁོད་ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ ལམ་ལུགས་དང་ མཉམ་འབྲེལ་ཐོག་ལས་ ལེགས་ཤོམ་སྦེ་ མཐར་འཁྱོལ་འབད་ཚུགསཔ་བཟོ་ནིའི་ནང་ གྲ་སྒྲིག་ཚུ་འབད་ནི་དོན་ལུ་ ཚོགས་འདུ་གིས་ བཅའ་མར་གཏོགས་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།
འབྲུག་དེ་ སྤྱི་ལོ་༡༩༧༡ ལུ་ འཛམ་གླིང་སྤྱི་ཚོགས་ ཡོངས་ཁྱབ་ཞལ་འཛོམས་འཚོགས་པའི་སྐབས་ལས་ གོང་འཕེལ་ཉུང་སུ་འགྱོ་མིའི་ རྒྱལ་ཁབ་སྦེ་ ངོས་འཛིན་འབད་ཡོདཔ་ད་ སྤྱི་ལོ་༢༠༡༥ ལུ་ ཕྱོགས་གསུམ་གྱི་ བསྐྱར་ཞིབ་ཞལ་འཛོམས་འཚོགསཔ་ད་ གནས་ཚད་དེ་ནང་ལས་ འཐོན་ནིའི་ཁྱད་ཚད་དང་ ལྡན་ཡོདཔ་སྦེ་ ངོས་འཛིན་འབད་ནུག།
བསྐྱར་ཞིབ་དེ་གི་ཤུལ་ལས་ སྤྱི་ལོ་༢༠༡༨ ལུ་ གོང་འཕེལ་ཉུང་སུ་ འགྱོ་མིའི་རྒྱལ་ཁབ་ཀྱི་ གནས་ཐོ་བཟོ་བའི་སྐབས་ འབྲུག་རྒྱལ་ཁབ་ཡང་ དེ་ནང་ལས་ ཐོན་དགོ་པའི་ གྲོས་འདེབས་འབད་ཡོདཔ་ཨིན་པས།
གནས་ཚུལ་དེ་གིས་ འབྲུག་རྒྱལ་ཁབ་དེ་ གོང་འཕེལ་མདུན་ཕྱོགས་ལུ་ སྤོ་བའི་རྟགས་མཚན་ཨིནམ་ལས་ གནས་ཚུལ་བཟང་པོ་ཅིག་སྦེ་ རྩིས་དོ་ཡོདཔ་ཨིན་པས།
བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ གསུངས་མིའི་ནང་ གནས་ཚད་དེ་ནང་ལས་ འཐོན་ནིའི་དོན་ལུ་ ཁྱད་ཚད་༣ ཡོད་ས་ལས་ འབྲུག་གིས་ ཁྱད་ཚད་༢ ནང་ལས་ ཐེངས་གཉིས་མཐར་འཁྱོལ་ བྱུང་ནུག་ཟེར་ཨིན་པའི་གནས་ཚུལ།
བཀྲིས་བསྟན་འཛིན།