༉ སྤྱི་ཟླ་༡༡ པའི་ཚེས་༢༥ ལུ་ ཐིམ་ཕུག་ལུ་སྦེ་ འབྲུག་གིས་ རྒྱལ་སྤྱི་ཨམ་སྲུ་ཚུ་ལུ་ སྡུག་སྤྱོད་ཟེར་མི་ ཉིནམ་བརྩི་སྲུང་འབད་ཡོདཔ་ཨིན་པས།
དུས་ཅི་གི་ལོའི་ བརྗོད་དོན་དེ་ཡང་ ཨམ་སྲུ་དང་བུམོ་ཚུ་ལུ་ སྡུག་སྤྱོད་འབད་མི་དེ་ རྩ་མེད་གཏང་ནིའི་དོན་ལུ་ གཅིག་མཐུན་ཟེར་བཞག་ཡོདཔ་ད་ འབྲུག་གི་དོན་ལུ་འབད་བ་ཅིན་ དཔལ་འབྱོར་གྱི་དབང་ཆ་བྱིན་ཐོག་ལས་ ཨམ་སྲུ་ཚུ་ལུ་ སྡུག་སྤྱོད་འབད་མི་དེ་ རྩ་མེད་ཟེར་ བཞག་ཡོདཔ་ཨིན་པས།
ཨམ་སྲུའི་ཆ་བཞག་དང་ལྕོགས་གྲུབ་ཡར་སྐྱེད་ལས་སྡེའི་སྐྱབས་འཛིན་དང་ འཛམ་གླིང་སྤྱི་ཚོགས་མི་རློབས་མ་དངུལ་གྱི་ འབྲུག་གི་སྐུ་ཚབ་ མི་དབང་རྒྱལ་ཡུམ་སངས་རྒྱས་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ ཉིནམ་བརྩི་སྲུང་ནང་ སྐུ་མགྲོན་སྦེ་ བྱོན་གནང་ཡོདཔ་ཨིན་པས།
ཕྱི་འབྲེལ་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་དང་ ལས་གཡོག་བློན་པོ་ ཀརྨ་རྡོ་རྗེ་ དེ་ལས་ རྒྱལ་སྤྱིའི་གོ་གནས་ཅན་ཚུ་གིས་ དུས་སྟོན་བརྩི་སྲུང་ནང་ གྲལ་གཏོགས་འབད་ཡོདཔ་ཨིན་པས།
ཉིནམ་དེ་ལས་འགོ་བཙུགས་ཏེ་ ཉིན་གྲངས་༡༦ གི་རིང་ ཕོ་མོའི་དབང་ཆ་གི་ རྩུབ་སྤྱོད་དང་ ལུས་འབྲེལ་དང འབྲེལ་བའི་ གོ་བརྡ་སྤྲོད་ནི་དེ་ཡང་ འགོ་བཙུགས་ཡོདཔ་ཨིན་པས།
ཨམ་སྲུའི་ཆ་བཞག་དང་ལྕོགས་གྲུབ་ཡར་སྐྱེད་ལས་སྡེའི་ བཀོད་ཁྱབ་མདོ་ཆེན་ ཚེ་རིང་སྒྲོལ་དཀར་གྱིས་ ཨམ་སྲུ་དང་བུམོ་ཚུ་ ལུ་ སྡུག་རྩུབ་འབད་མི་དེ་ རྩ་མེད་གཏང་ནིའི་དོན་ལུ་ ཕོ་སྐྱེས་དང་བུཚ་ཚུ་དང་གཅིག་ཁར་ ལཱ་འབད་ནི་ཨིན་ཟེར་ བཤད་ཡོདཔ་ཨིན་པས།
ཉིན་གྲངས་༡༦ གི་རིང་ ལས་སྡེ་གིས་ འཛམ་གླིང་སྤྱི་ཚོགས་མི་རློབས་མ་དངུལ་དང་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་ རིམ་ དེ་ལས་ རྒྱལ་ཡོངས་ཨམ་སྲུ་དང་ཨ་ལོའི་ལྷན་ཚོགས་དང་ གཞན་འབྲེལ་བ་ཡོད་མི་ཚུ་དང་གཅིག་ཁར་ མི་སྡེ་བརྡ་བརྒྱུད་ ཐོག་ལས་ གོ་བརྡ་སྤྲོད་ནིའི་དོན་ལུ་ ཐབས་བྱུས་སྣ་ཚོགས་ བཏོན་འོང་ཟེར་ཨིན་པས།
ཨམ་སྲུངའི་ཆ་བཞག་དང་ལྕོགས་གྲུབ་ཡར་སྐྱེད་ལས་སྡེ་གིས་ ཞིབ་འཚོལ་འབད་མི་དང་འཁྲིལཝ་ད་ འབྲུག་པའི་ཕོ་སྐྱེས་ཚུ་ལུ་ གཞི་བཞག་པ་ཅིན་ ཕོ་མོའི་སྡུག་རྩུབ་དེ་ རྩ་མེད་གཏང་ནི་དང་ དེའི་གདོང་ལེན་འབད་ནིའི་ནང་ ཕོ་སྐྱེས་ཚུ་གིས་ ག་དེ་སྦེ་ གྲལ་གཏོགས་འབད་ནི་ཨིན་ནའི་སྐོར་ལས་ བརྡ་དོན་ཉུང་སུ་ལས་མེད་པའི་ མངོན་གསལ་བྱུང་ནུག།
འཛམ་གླིང་སྤྱི་ཚོགས་ཀྱི་ གནས་བཞུགས་མཉམ་འབྲེལ་བ་ ཀར་ལ་རོ་བིན་ཧར་ཤེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཨམ་སྲུ་ དང་བུམོ་ཚུ་ལུ་ སྡུག་རྩུབ་འབད་མི་དེ་ འཛམ་གླིང་ནང་ ཁྱབ་ཆེ་བའི་དཀའ་ངལ་ཅིག་ཨིན་ཟེར་ བཤད་ཡོདཔ་ད་ ཕྱོགས་ལྷུང་དང་རྩུབ་སྤྱོད་ དེ་ལས་ སྡུག་རྩུབ་འབད་བའི་སྐབས་ ཟད་འགྲོ་ལྕི་བའི་ གནད་དོན་ཅིག་སྦེ་ འོངམ་ཨིན་ཟེར་ བཤད་ཡོདཔ་ཨིན་པས།
གནས་སྟངས་དེ་ལུ་བརྟེན་ ཨམ་སྲུ་དང་བུམོ་ཚུ་གིས་ མི་ཚེའི་ནང་ རང་གི་དབང་ཆ་ལུ་ ཐོ་ཕོག་པའི་ཁར་ དཔལ་འབྱོར་གྱི་ དབང་ཆ་དང་ མི་ཚེ་ཡུན་བརྟན་བཟོ་ནི་ལུ་ ཐོ་ཕོགཔ་ཨིན་ཟེར་ཨིན་པས།
ཡུན་བརྟན་གོང་འཕེལ་གྱི་ དམིགས་ཡུལ་དང་འཁྲིལཝ་ད་ ག་ཡང་ རྒྱབ་ཁར་ལུས་མ་བཅུག་པར་ རྒྱབ་སྐྱོར་འབད་ནིའི་ དམིགས་ཡུལ་ཐོག་ ཨམ་སྲུ་དང་བུམོ་ཚུ་ལུ་ སྡུབ་སྤྱོད་མྱོང་མི་དེ་ རྩ་མེད་མ་གཏང་ནི་ཨིན་ཟེར་ཨིན་པས།
དུས་སྟོན་སྐབས་ མི་དབང་རྒྱལ་ཡུམ་མཆོག་གིས་ འགོ་འདྲེན་མཛད་མི་ དམིགས་བསལ་དུ་ ལུང་ནག་ནག་གི་ ཨམ་སྲུ་དང་བུམོ་ཚུ་ལུ་ དབང་ཆ་བྱིན་ནིའི་དོན་ལུ་ ལས་རིམ་འགོ་འབྱེད་འབད་ཡོདཔ་ཨིན་པས།
ལས་རིམ་དེ་ཡང་ འཕྲལ་ཁམས་ཅིག་ཁར་ མི་དབང་རྒྱལ་ཡུམ་མཆོག་གིས་ ལུང་ནག་ནང་ལུ་ ལྟ་སྐོར་ནང་བྱོན་པའི་ཤུལ་ལས་ ད་ལྟོ་ ལུང་ནག་ནང་གི་ མི་སེར་ཚུ་གིལུ་ གདོང་ལེན་སྦོམ་བྱུང་སྟེ་ཡོད་མི་དེ་ སེལ་ཐབས་དོན་ལུ་དམིགས་ཏེ་ གཞི་བཀོད་འབད་ཡོདཔ་ཨིན་པས།
ལས་རིམ་དེ་ ལ་མཐོ་སའི་མི་ཚུ་གིས་ གནམ་དགུན་ལུ་ སྤུ་ན་ཁ་ལུ་འོང་སྡོད་པའི་སྐབས་ འཐོབ་ནི་ཨིནམ་ད་ དེ་ཡང་ གལ་ཆེ་བའི་ ཞབས་ཏོག་བྱིན་མི་ ལས་སྡེ་དང་གཅིག་ཁར་དང་ མི་སྡེ་དང་ཤེས་ཡོན་ དེ་ལས་ གསོ་བའི་དགོས་མཁོ་ཚུ་ནང་ གྲོགས་རམ་འཐོབ་ནི་ཨིན་པས།
མི་དབང་རྒྱལ་ཡུམ་མཆོག་གིས་ ཨམ་སྲུའི་ཆ་བཞག་དང་ལྕོགས་གྲུབ་ཡར་སྐྱེད་ལས་སྡེ་གི་ ཨམ་སྲུ་དང་བུམོ་ཚུ་གི་ དཔལ་འབྱོར་གྱི་ དབང་ཆ་དོན་ལུ་ ཕོ་སྐྱེས་དང་བུཚ་ཚུ་ གྲལ་གཏོགས་འབད་དགོ་པའི་སྐོར་ལས་ བཀོད་ཁྱབ་མདོ་ཆེན་ རྡོ་རྗེ་དབང་འདུས་ཀྱིས་ གློག་ཐུང་བཟོ་མི་དེ་ཡང་ འགོ་འབྱེད་འབད་ཡོདཔ་ཨིན་པས།
རྡོ་རྗེ་དབང་འདུས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ གློག་ཐུང་དེ་གིས་ མི་སྡེའི་ནང་ ཨམ་སྲུ་དང་བུམོ་ཚུ་གི་ ངོ་རྟགས་སྐོར་ ལས་ སྟོན་ནི་ཨིན་ཟེར་ཨིནམ་ད་ ཉིན་གྲངས་༡༦ གི་རིང་ འབྲུག་བརྒྱུད་འཕྲིན་ཚད་དང་ གླ་འཁོར་མཐུན་ཚོགས་ དེ་ལས་ ལས་སྡེ་སྣ་མང་གི་ཐོག་ལས་ ལས་རིམ་ཚུ་ འགོ་འདྲེན་འཐབ་ནི་ཨིན་པས།
རྫོང་ཁག་༢༠ ནང་ མི་མང་སྐྱེལ་འདྲེན་དང་ གླ་འཁོར་ཚུ་ནང་ ཨམ་སྲུ་ཚུ་ལུ་ སྡུག་རྩུབ་འབད་ནི་ལས་ འཛེམ་དགོ་པའི་སྐོར་ ལས་དང་ མི་མང་གིས་ ཨམ་སྲུ་དང་ཁོང་གི་དབང་ཆ་ལུ་ རྒྱབ་སྐྱོར་འབད་དགོ་པའི་སྐོར་ལས་ གོ་བརྡ་ཚུ་ སྤྲོད་ནི་ཨིན་པས།
དེ་མ་ཚད་ ཨམ་སྲུའི་ཆ་བཞག་དང་ ལྕོགས་གྲུབ་ཡར་སྐྱེད་ལས་སྡེ་དང་ མཉམ་འབྲེལ་ཡོད་མི་ཚུ་གིས་ ཕོ་སྐྱེས་དང་ བུཚ་ཚུ་དང་གཅིག་ཁར་ མཉམ་འབྲེལ་ཐོག་ལས་ གྲོས་བསྟུན་ཚུ་འབད་ནིའི་ འཆར་གཞི་ཚུ་ཡང་ ཡོདཔ་ཨིན་པས།
མི་དབང་རྒྱལ་ཡུམ་མཆོག་གིས་ ཕོ་མོ་དང་འབྲེལ་བའི་ དམིགས་བསལ་གྱི་དཀའ་ངལ་ སེལ་ཐབས་ལུ་དམིགས་ཏེ་ ནུས་ཤུགས་དང་ འཁོར་ལམ་ དེ་ལས་ བཟོ་སྐྲུན་ལས་འགུལ་ཚུ་ནང་ ལཱ་འབད་མི་ཨམ་སྲུ་ཚུ་ལུ་ གཞི་བཞག་སྟེ་ ཞིབ་འཚོལ་འབད་མིའི་སྙན་ཞུ་ཡང་ འགོ་འབྱེད་མཛད་ཡོད་པའི་གནས་ཚུལ།
སྐད་སྒྱུར་ བཀྲིས་བསྟན་འཛིན།