༉ ལས་གཡོག་བློན་པོ་ ཉི་མ་སངས་རྒྱས་ཆེན་པོ་གིས་ ཞུ་མིའི་ནང་ རྒྱལ་སྤྱི་ལཱ་གཡོག་ཚོགས་པ་ ཨའི་ཨེལ་ཨོ་གི་ འཐུས་མི་སྦེ་ འཛུལ་ཞུགས་འབད་ནིའི་དོན་ལུ་ ད་ལྟོ་ འབྲེལ་ཡོད་ལས་སྡེ་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་བའི་བསྒང་ཡོད་ཟེར་ཨིན་པས།
དེ་ཡང་ སྤྱི་ཟླ་༦ པའི་ཚེས་༢ ལུ་ རྒྱལ་ཡོངས་ཚོགས་འདུ་ནང་ པཱན་སྦང་གི་འཐུས་མི་ རྡོ་རྗེ་དབང་འདུས་ཀྱིས་ ཚོགས་པ་དེ་ནང་ འཛུལ་ཞུགས་འབད་ནིའི་ གནས་སྟངས་དང་ ལཱ་གི་གནས་ཚད་ཚུ་ ག་དེམ་ཅིག་ལུ་ ལྷོད་དེ་ཡོད་ག་ཟེར་བའི་ དྲི་བཀོད་འབད་བའི་ལན་སྦེ་ ལས་གཡོག་བློན་པོ་གིས་ ཞུ་ཡི།
བློན་པོ་གིས་ ཞུ་མིའི་ནང་ འཆར་གཞི་༡༡ པའི་ནང་འཁོད་ལུ་ འབྲུག་གིས་ ཚོགས་པའི་འཐུས་མི་སྦེ་ འཛུལ་ཞུགས་འབད་ནི་ལུ་ ལཱ་ཁག་གཏང་ནི་མས་ཟེར་ཨིནམ་ད་ གཞུང་གིས་འབད་རུང་ ད་ལྟོ་ ངོས་ལེན་འབད་མ་ཚུགས་པར་ཡོད་ཟེར་ ཞུ་ཡི།
འཐུས་མི་རྡོ་རྗེ་དབང་འདུས་ཀྱིས་ ཞུ་མིའི་ནང་ ཚོགས་པ་ནང་ འཛུལ་ཞུགས་འབད་ནིའི་དོན་ལུ་ འཆར་གཞི་༡༠ པའི་ནང་ལས་ར་ གཞི་རྟེན་ལཱ་ཚུ་ འགོ་བཙུགས་ཡོད་རུང་ གྲུབ་འབྲས་ག་ནི་ཡང་ འཐོན་མ་ཚུགས་པའི་ཁར་ ད་རེས་ འབྲུག་འདི་ ལྟ་རྟོག་སྦེ་ར་ སྡོད་ནུག་ཟེར་ཨིན་པས།
གལ་སྲིད་ ཚོགས་པའི་ནང་ འཐུས་མི་སྦེ་ འཛུལ་ཞུགས་འབད་ཚུགས་པ་ཅིན་ རྒྱལ་ཁབ་ནང་ ལས་མིའི་གནས་ཚད་དང་ ལཱ་འབད་སའི་དབང་ཆ་ དེ་ལས་ ལཱ་གཡོག་གི་ ཉེན་སྲུང་ཚུ་ནང་ བསྒྱུར་བ་བཟོ་ཚུགས་པའི་ ཁེ་ཕན་ཡོད་ཟེར་འཐུས་མི་ རྡོ་རྗེ་དབང་འདུས་ཀྱིས་ ཞུ་ཡི།
བློན་པོ་གིས་ ཞུ་མིའི་ནང་ འཐུས་མི་སྦེ་ འཛུལ་ཞུགས་མ་འབད་བའི་ཧེ་མར་ འབྲེལ་ཡོད་ལས་སྡེ་དང་ ཕྱི་འབྲེལ་ལྷན་ཁག་དང་གཅིག་ཁར་ གྲོས་བསྟུན་ལེ་ཤ་འབད་དགོཔ་ཡོད་ཟེར་ཨིནམ་ད་ གཞུང་གིས་ གནད་དོན་ཐོག་ལུ་ ལཱ་མང་རབས་ཅིག་ འབད་བའི་བསྒང་ཡོད་ཟེར་ཨིན་པས།
གཞུང་དབུ་བརྙེསཔ་ཅིག་ར་ ལས་གཡོག་དང་ ཕྱི་འབྲེལ་ལྷན་ཁག་ དེ་ལས་ བློན་ཆེན་དང་གཅིག་ཁར་ གྲོས་བསྟུན་འབད་ནི་ འགོ་བཙུགས་ཅི་ཟེར་ཨིནམ་ད་ སྤྱི་ལོ་༢༠༡༥ ལུ་ ཕྱི་འབྲེལ་ལྷན་ཁག་ལས་ གལ་སྲིད་ འབྲུག་གིས་ ཚོགས་པའི་ནང་ འཛུལ་ཞུགས་འབད་བ་ཅིན་ འགན་འཁྲི་འབག་ཚུགས་ག་དང་ འཛུལ་ཞུགས་ཀྱི་ གྲ་སྒྲིག་ཡོད་མེད་ཚུ་གི་སྐོར་ལས་ ཡི་གུ་ཅིག་ ལྷོད་ཅི་ཟེར་ཨིན་པས།
རྒྱལ་སྤྱིའི་ལཱ་གཡོག་ཚོགས་པ་དེ་ འཛམ་གླིང་སྤྱི་ཚོགས་ཀྱི་ ལས་སྡེ་ཅིག་ཨིནམ་ད་ རྒྱལ་སྤྱིའི་རྒྱལ་ཁབ་༡༨༧ གྱི་ འཐུས་མི་ཚུ་གིས་ ལཱ་གཡོག་གི་གནས་ཚད་དང་ སྲིད་བྱུས་བཟོ་ནི་ དེ་ལས་ ཨམ་སྲུ་དང་ ཕོ་སྐྱེས་ཚུ་ལུ་ ལཱ་གཡོག་ཚུལ་མཐུན་བྱིན་ནི་ཚུ་ ཡར་དྲག་གཏང་མི་ ལས་སྡེ་ཅིག་ཨིན་པས།
བློན་པོ་གིས་ ཞུ་མིའི་ནང་ ཚོགས་པ་ནང་ འཐུས་མི་སྦེ་ མ་འཛུལ་བའི་ཧེ་མར་ ཚོགས་པ་དེ་གི་ ལམ་ལུགས་དང་སྒྲིག་གཞི་ཚུ་ བལྟ་དགོཔ་མ་ཚད་ འཐུས་མི་སྦེ་འཛུལ་བ་ཅིན་ འགན་ཁུར་ཚུ་ བལྟ་དགོཔ་མ་ཚད་ འཆར་དངུལ་ནང་ལས་ ཚོགས་པ་ལུ་ ལོ་བསྟར་གྱི་ འཛུལ་འཐུས་ཡུ་ཨེས་ཌོ་ལར་༧,༩༧༣ སྤྲོད་དགོཔ་འཐོན་ནི་མས་ཟེར་ ཞུ་ཡི།
ཕྱི་འབྲེལ་ལྷན་ཁག་གི་ བཀའ་རྒྱ་དང་འཁྲིལ་ཏེ་ ལས་གཡོག་ལྷན་ཁག་གིས་ གལ་སྲིད་ འཐུས་མི་སྦེ་འཛུལ་བ་ཅིན་ མི་སྡེ་ལུ་ ཁེ་ཕན་དང་ ལམ་སྲོལ་ དཔལ་འབྱོར་ སྲིད་བྱུས་ཚུ་ལུ་ ཕན་གནོད་ཚུ་ བལྟ་དགོཔ་མ་ཚད་ བཟོ་གྲྭ་འཕྲུལ་ཁང་དང་ ཁག་འབགཔ་ཚུ་དང་གཅིག་ཁར་ཡང་ གྲོས་བསྟུན་འབད་དགོཔ་ཡོད་ཟེར་ བློན་པོ་གིས་ ཞུ་ཡི།
བློན་པོ་གིས་ ཞུ་མིའི་ནང་ གནད་དོན་ཐོག་ལུ་ བརྟག་ཞིབ་འབད་ཚར་བའི་ཤུལ་ལས་ ཆ་འཇོག་འགྲུབ་ནིའི་དོན་ལུ་ ལྷན་རྒྱས་གཞུང་ཚོགས་ལུ་ ཕུལ་ནི་ཨིནམ་ལས་ འབྲུག་གིས་ ཚོགས་པའི་ནང་ འཛུལ་ཞུགས་ཀྱི་དོན་ལུ་ ད་ལྟོ་ སླབ་མི་ཤེས་ཟེར་ ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།