༉ འབྲུག་གིས་ པེ་རིསི་ཆིངས་ཡིག་དེ་ དོན་སྨིན་ཅན་དང་ སྒྲིང་སྒྲི་སྦེ་ བསྟར་སྤྱོད་འབད་ནིའི་དོན་ལུ་ ཁེ་གྱོང་ཅན་གྱི་ རྒྱལ་ཁབ་ཚུ་གིས་ སྟབས་བདེའི་ཐོག་ལས་དང་ སྦ་གསང་དང་ བཀག་ཆ་མེད་པར་ ཁྲིམས་ཡིག་ལུ་ དང་ལེན་འབད་དགོཔ་སྦེ་ ཞུ་བསྐུལ་འབད་ནུག།
དེ་ཡང་ འབྲུག་གི་འཐུས་མི་སྡེ་ཚན་གྱིས་ པོ་ལེནཌ་གི་ཁྲོམ་སྡེ་ ཀ་ཏོ་ཝིསི་ལུ་ ཀོབ་༢༤ ཟེར་མི་ འཛམ་གླིང་སྤྱི་ཚོགས་གནམ་གཤིས་འགྱུར་བགྲོད་ཀྱི་ རྩ་ཕན་ཞལ་འཛོམས་ནང་ བཅའ་མར་གཏོགས་པའི་སྐབས་ གསལ་བཤད་འབད་ཡོདཔ་ད་ པེ་རེསི་ཆིངས་ཡིག་དེ་ སྤྱི་ལོ་༢༠༢༠ ལས་ བཙོག་རླུང་དང་ ནག་རྫས་ཐོན་སྐྱེད་མར་ཕབ་དང་ དངུལ་འབྲེལ་རྒྱབ་སྐྱོར་ཚུ་ ལག་ལེན་འགོ་བཙུགས་ནི་ཨིན་མི་ འཛམ་གླིང་སྤྱི་ཚོགས་གནམ་གཤིས་འགྱུར་བགྲོད་ཀྱི་ གཞི་བཀོད་མཐུན་གྲོས་ཨིན་པས།
པོ་ལེནཌ་གི་ རྒྱལ་སྤྱི་ཞལ་འཛོམས་ནང་ འབྲུག་གི་འཐུས་མི་སྡེ་ཚན་དེ་ རྒྱལ་ཡོངས་མཐའ་འཁོར་གནས་སྟངས་ལྷན་ཚོགས་ཀྱི་དྲུང་ཆེན་ བསོད་ནམས་པི་དབང་འདུས་ཀྱིས་ འགོ་ཁྲིད་ཐོག་ བཅའ་མར་གཏོགས་ཡོདཔ་ད་ ཁོ་གིས་ འབྲུག་འདི་ སྐོབས་ཚུད་ཅན་གྱི་ རྒྱལ་ཁབ་ཅིག་ཨིནམ་མ་ཚད་ གངས་རི་དང་ལྡན་པའི་ སྐྱེ་ལྡན་གནས་སྟངས་ གནོད་ཉེན་ཐོག་ གནས་ཡོདཔ་ལས་ གནམ་གཤིས་འགྱུར་བགྲོད་དང་ འཛམ་གླིང་དྲོད་འཕར་གྱི་ གནོད་པ་ཚུ་ འབྱུང་ཉེན་ཡོད་ལུགས་ བཤད་པའི་ཁར་ རྒྱལ་ཁབ་ཀྱི་ དཔལ་འབྱོར་འདི་ ཆུར་བརྟེན་གློག་མེ་འཕྲུལ་ཁང་དང་ སོ་ནམ་ལུ་བརྟེན་དོ་ཡོད་པའི་སྐོར་ལས་ཡང་ གསལ་བཤད་འབད་ནུག།
ད་རུང་ འབྲུག་གི་ འཐུས་མི་སྡེ་ཚན་གྱིས་ ཞལ་འཛོམས་ནང་ གསལ་སྟོན་འབད་མི་ ཚན་རིག་གི་ གནད་དོན་ཚུ་ལུ་ ངོས་ལེན་གྱི་ མོས་མཐུན་མེད་མི་ལུ་ ཚ་གྱང་ཡོད་ལུགས་ བཤད་པའི་ཁར་ འབྲུག་བཟུམ་མའི་ རྒྱལ་ཁབ་ཆུང་ཀུ་དང་ གནོད་ཉེན་ཡོད་མི་ རྒྱལ་ཁབ་ཚུ་གི་ ཚ་གྱང་ཚུ་ལུ་ བརྩི་མཐོང་ཐོག་ ངོས་ལེན་མ་འབད་བ་ཅིན་ ད་ཚུན་གྱི་བར་ན་ འབྲུག་གིས་ མི་སྡེ་དཔལ་འབྱོར་གོང་འཕེལ་ནང་ གྲུབ་འབྲས་བཏོན་མི་ཚུ་ གནམ་གཤིས་འགྱུར་བགྲོད་ཀྱིས་ ཁུངས་མེདཔ་བཟོ་ནི་དང་ སྤྱི་ལོ་༢༠༢༣ ལས་ འབྲུག་འདི་ གོང་འཕེལ་དུམ་གྲ་ཅིག་ལས་ མ་འགྱོ་མི་ རྒྱལ་ཁབ་ཚུ་གི་ གནས་རིམ་ལས་ ཕྱིར་འཐོན་འབད་ནི་ལུ་ཡང་ བཀག་ནིའི་ཉེན་ཁ་ཡོད་ཟེར་ དྲན་གསོ་འབད་ནུག།
འབྲུག་གིས་ སྤྱི་ལོ་༢༠༠༩ ལུ་ འཕྲུལ་ཁང་དང་ སྣུམ་འཁོར་ཚུ་ལས་ དུ་པ་དང་ བཙོག་རློང་འཐོན་ནི་མེད་པའི་ རྒྱལ་ཁབ་ཅིག་སྦེ་ བཟོ་ནི་གི་ ཁས་བླངས་འབད་མི་དང་ ད་རེས་གནས་པར་ གནམ་གཤིས་འགྱུར་བགྲོད་ལུ་ གདོང་ལེན་འབད་ནི་གི་ ཐབས་ལམ་ཚུ་ བཏོན་བཞིན་དུ་ཡོད་པའི་སྐོར་ལས་ཡང་ འབྲུག་གི་འཐུས་མི་སྡེ་ཚན་གྱིས་ གསལ་བཤད་འབད་ཡོདཔ་ཨིན་པས།
ཀོབ་༢༤ ཟེར་མི་ རྒྱལ་སྤྱིའི་ཞལ་འཛོམས་འཚོགས་གནང་པའི་ཞོར་ཁར་ འབྲུག་གི་སྡེ་ཚན་གྱིས་ ལག་སམ་བཱག་དང་ ཇ་པཱན་ སུ་རི་ནམ་ དེ་ལས་ གོ་ལོ་བཱལ་ གི་རིན་ལ་སོགས་པའི་ མང་ཕྱོགས་ལས་སྡེའི་ འགོ་ཁྲིདཔ་ཚུ་དང་ ཟུང་ཕྱོགས་ཞལ་འཛོམས་ འགོ་ཚོགས་ནུག་ཟེར་ ཕྱི་འབྲེལ་ལྷན་ཁག་ལས་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
དུས་ཅི་ སྤྱི་ཟླ་༩ པའི་ནང་ བེང་ཀོག་ལུ་ ཞལ་འཛོམས་འཚོགས་པའི་སྐབས་ ཨེལ་ཌི་སི་ཟེར་ གོང་འཕེལ་དུམ་གྲ་ཅིག་ལས་མ་འགྱོ་མི་ རྒྱལ་ཁབ་ཚོགས་སྡེའི་ བཙག་འཐུ་ཚོགས་ཆུང་གིས་ རྒྱབ་སྣོན་ཆ་འཇོག་འབད་མི་དང་འཁྲིལ་ འཐུས་མི་རྒྱལ་ཁབ་༤༧ ཡོད་མི་ ཨེལ་ཌི་སི་རྒྱལ་ཁབ་ཚོགས་སྡེའི་ ཁྲི་འཛིན་དེ་ ཁ་ཙ་ ཞལ་འཛོམས་མཇུག་བསྡུཝ་ད་ འབྲུག་གི་ ཨི་ཐོ་པི་ཡ་རྒྱལ་ཁབ་ལས་ རྩིས་ལེན་ཡོདཔ་ཨིན་པས།
འབྲུག་གི་ ཁྲི་འཛིན་གྱི་ གནས་ཡུན་ཡང་ སྤྱི་ལོ་༢༠༡༩ དང་༢༠༢༠ ཚུན་ཨིན་པའི་གནས་ཚུལ།

པོ་ལེནཌ་ལུ་ རྒྱལ་ཡོངས་མཐའ་འཁོར་གནས་སྟངས་ལྷན་ཚོགས་ཀྱི་དྲུང་ཆེན་ བསོད་ནམས་པི་དབང་འདུས་ཀྱིས་ འཛམ་གླིང་སྤྱི་ཚོགས་གནམ་གཤིས་འགྱུར་བགྲོད་ཀྱི་ རྩ་ཕན་ཞལ་འཛོམས་ནང་ གསལ་བཤད་འབད་བའི་བསྒང་།