༉ ཕྱི་འབྲེལ་ལྷན་ཁག་གིས་ གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལཝ་ད་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ འབྲུག་མི་ཚུ་གི་ཁ་ཐུག་ལས་ རྒྱ་གར་གྱི་སྲིད་འཛིན་ ཤི་རི་ རཱམ་ནཱཐི་ ཀོ་བིནཌི་ བཙག་འཐུ་གྲུབ་ཡོད་མི་ལུ་ བཀྲིས་བདེ་ལེགས་ཡོདཔ་མ་ཚད་ སྲིད་འཛིན་གྱི་ གནས་ཡུན་དེ་ཡང་ མཐར་འཁྱོལ་ཅན་སྦེ་ འགྱོ་ཚུགས་པའི་རེ་སྨོན་ཡོད་ཟེར་ཨིན་པས།
སྐྱེས་ལོ་༧༡ ལང་མི་ ཤི་རི་ རཱམ་ནཱཐི་ ཀོ་བིནཌི་དེ་ སྤྱི་ཟླ་༧ པའི་ཚེས་༢༥ ལུ་ རྒྱ་གར་གྱི་ སྲིད་འཛིན་༡༤ པ་སྦེ་ བཙག་འཐུ་གྲུབ་ཡོདཔ་ཨིན་པས།
ཕྱི་འབྲེལ་ལྷན་ཁག་དང་འཁྲིལཝ་ད་ མི་དབང་མཆོག་གིས་ རྒྱལ་ཁབ་༢ ཀྱི་བར་ན་ མཐུན་ལམ་ལེགས་ཤོམ་ཡོད་པའི་སྐོར་ལས་ དྲན་གསོ་གསུངས་གནང་པའི་ཁར་ ལྷག་པར་དུ་ མཐུན་ལམ་དམ་ཟབ་བཟོ་ནིའི་དོན་ལུ་ ད་ལས་ཕར་ སྲིད་འཛིན་གསརཔ་དང་གཅིག་ཁར་ མཉམ་འབྲེལ་ཐོག་ལས་ ཕྱག་ལཱ་གནང་ནི་ཨིན་ཟེར་ གསུངས་ཡོདཔ་ཨིན་པས།
མི་དབང་མཆོག་གིས་ སྲིད་འཛིན་བགྲེསཔ་ པར་ནབ་ མུ་ཁར་ཇི་གིས་ཡང་ སྲིད་འཛིན་༡༣ པའི་གནས་ཡུན་དེ་ མཐར་འཁྱོལ་ཅན་སྦེ་ མཇུག་བསྡུ་མི་ལུ་ ཐུགས་ངལ་རངས་ཡོད་ཟེར་ གསུངས་ཡོདཔ་ཨིན་པས།
སྲིད་འཛིན་པར་ནབ་ མུ་ཁར་ཇི་གིས་ རྒྱལ་ཁབ་༢ ཀྱི་བར་ན་ མཐུན་ལམ་དམ་ཟབ་བཞག་ནིའི་དོན་ལུ་ ཕྱག་ལཱ་གང་དྲག་གནང་མི་ལུ་ཡང་ ཐུགས་ངལ་རངས་ཡོད་ལུགས་ཚུ་ གསུངས་གནང་ཡོདཔ་ཨིན་པས།
ཕྱི་འབྲེལ་ལྷན་ཁག་དང་འཁྲིལཝ་ད་ བློན་ཆེན་ཚེ་རིང་སྟོབས་རྒྱས་མཆོག་གིས་ཡང་ རྒྱ་གར་གྱི་ སྲིད་འཛིན་གསརཔ་ལུ་ བཀྲིས་ལེགས་སྨོན་ གནང་ཡི་ཟེར་ཨིན་པས།
བློན་ཆེན་གྱིས་ འབྲུག་མི་ཚུ་གི་ཁ་ཐུག་ལས་ སྲིད་འཛིན་ཤི་རི་ རཱམ་ནཱཐི་ ཀོ་བིནཌི་ལུ་ བཀྲིས་བདེ་ལེགས་ཡོད་ཟེར་ཨིནམ་ད་ སྲིད་འཛིན་གྱི་གནས་ཡུན་སྐབས་ ཧེ་མ་ལས་ མཐུན་ལམ་ལེགས་ཤོམ་ཡོད་མི་དེ་ ལྷག་པར་དུ་ རྩ་བརྟན་བཟོ་ཚུགས་པའི་ རེ་བ་ཡོད་ལུགས་ཚུ་ བཤད་ཡོདཔ་ཨིན་པས།
བློན་ཆེན་གྱིས་ ཤི་རི་ རཱམ་ནཱཐི་ མུ་ཁར་ཇི་ ཀོ་བིནཌི་གི་ འཕྲོད་བསྟེན་ལེགས་ལྡན་དང་ དགའ་སྐྱིད་འབྱུང་ནི་ དེ་ལས་ རྒྱ་གར་དང་ རྒྱ་གར་གྱི་མི་སེར་ཚུ་ལུ་ འཕྲོ་མཐུད་དེ་ར་ ཞི་བདེ་འབྱུང་ཚུགས་པའི་ རེ་སྨོན་ཡོད་ཟེར་ཨིན་པས།
རྒྱ་གར་གཞུང་གི་ གནས་ཚུལ་ལས་སྡེ་དང་འཁྲིལཝ་ད་ ཤི་རི་ རཱམ་ནཱཐི་ ཀོ་བིནཌི་དེ་ སྤྱི་ལོ་༡༩༤༥ འི་ ཟླཝ་༡༠ པའི་ནང་ ཨུ་ཏར་པར་དེཤི་ ཀཱན་པུར་གྱི་ཉེ་འདབས་ པ་རུངཀི་ལུ་སྦེ་ སྐྱེས་ཡོདཔ་ཨིན་པས།
སྲིད་འཛིན་གྱི་ གོ་གནས་མ་བཞེས་པའི་ཧེ་མར་ སྤྱི་ལོ་༢༠༡༥ ལས་༢༠༡༧ ཚུན་ བི་ཧར་མངའ་སྡེའི་སྤྱི་ཁྱབ་༣༦ པ་སྦེ་ ཕྱག་ཞུ་ཡོདཔ་ཨིན་པས།
ཤི་རི་ ཀོ་བིནཌི་དེ་ སྤྱི་ལོ་༡༩༩༤ ལུ་ ཨུ་ཏར་པར་དེཤི་ལས་ རཱཇ་ཡ་ ས་བ་གི་འཐུས་མི་སྦེ་ བཙག་འཐུ་གྲུབ་ཡོདཔ་བཞིན་དུ་ ཁོ་གིས་ སྤྱི་ལོ་༢༠༠༦ ཚུན་ གནས་ཡུན་ལོ་༦ འབད་མི་ ཐེངས་༢ སྦྱེལཝ་སྦྱེལ་སར་ ཕྱག་ཞུ་ཡོདཔ་ ཨིན་པའི་གནས་ཚུལ།
སྐད་སྒྱུར་ ཉི་མ་དབང་འདུས།