ཕྱི་འབྲེལ་བློན་པོ་ དམ་ཆོས་རྡོ་རྗེ་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་ ལོ་བསྟར་ཆིངས་ཡིག་མཛད་སྒོའི་ནང་ པེ་རིསི་ཆིངས་ཡིག་དང་འཁྲིལ་ འཛམ་གླིང་སྤྱི་ཚོགས་གནམ་གཤིས་འགྱུར་བགྲོད་ཀྱི་ དཔྱད་གཞི་མཐུན་གྲོས་ལུ་ རྒྱབ་སྣོན་ཆ་འཇོག་ཐོག་ འཐུས་མི་སྦེ་ འཛུལ་ཞུགས་འབད་བའི་ ཡིག་འཛིན་ཕུལ་བའི་བསྒང་།

འབྲུག་གིས་ པེ་རིསི་ཆིངས་ཡིག་གི་ འཐུས་མི་རྒྱལ་ཁབ་༡༦༡ པ་སྦེ་འཛུལ་ཞུགས།

༉ འབྲུག་འདི་ གནམ་གཤིས་འགྱུར་བགྲོད་ཀྱི་སྐོར་ལས་ འཛམ་གླིང་སྤྱི་ཚོགས་དཔྱད་གཞི་མཐུན་གྲོས་ལུ་ པེ་རིསི་ཆིངས་ཡིག་དང་འཁྲིལ་ རྒྱབ་སྣོན་ཆ་འཇོག་ཐོག་ མཚན་རྟགས་བཀོད་མི་ འཐུས་མི་རྒྱལ་ཁབ་༡༦༡ པའི་གྲངས་སུ་ ཚུད་ཡོདཔ་ཨིན་པས།

དེ་ཡང་ སྤྱི་ཟླ་༩ པའི་ཚེས་༡༩ ལུ་ ཨེ་མི་རི་ཀའི་ཁྲོམ་ཚོགས་ ནིའུ་ཡོག་ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡིག་ཚང་གཙོ་ཁང་ནང་སྦེ་ འཛམ་གླིང་སྤྱི་ཚོགས་ཀྱི་ ལོ་བསྟར་ཆིངས་ཡིག་མཛད་སྒོའི་སྐབས་ ཕྱི་འབྲེལ་བློན་པོ་ དམ་ཆོས་རྡོ་རྗེ་གིས་ པེ་རིསི་ཆིངས་ཡིག་ལུ་ འབྲུག་གིས་ རྒྱབ་སྣོན་ཆ་འཇོག་ཐོག་ འཐུས་མི་སྦེ་ འཛུལ་ཞུགས་འབད་བའི་ ཡིག་འཛིན་ཕུལ་མི་ལུ་བརྟེན་ཨིན་པས།

འཛམ་གླིང་སྤྱི་ཚོགས་ལུ་ རྒྱབ་སྣོན་གྱི་ ཡིག་འཛིན་ཕུལ་མི་དེ་གིས་ སྤྱི་ལོ་༢༠༡༥ འི་ པེ་རིསི་ཆིངས་ཡིག་ནང་ འབྲུག་རྒྱལ་ཁབ་འདི་ གཞུང་འབྲེལ་ཐོག་ འཛུལ་ཞུགས་ཀྱི་ ཉེར་མཁོའི་བྱ་རིམ་ག་ར་ཚང་ཡོད་པའི་ གསལ་སྟོན་འབདཝ་ཨིན་ཟེར་ ཁ་ཙ་ ཕྱི་འབྲེལ་ལྷན་ཁག་ལས་ གནས་ཚུལ་གསར་བཏོན་འབད་མིའི་ནང་བཀོད་ནུག།

པེ་རིསི་ཆིངས་ཡིག་དེ་ རྒྱལ་ཁབ་ཚུ་གིས་ གནམ་གཤིས་འགྱུར་བགྲོད་དང་འབྲེལ་བའི་ མདུན་སྐྱོད་ཀྱི་ ཐབས་ལམ་བཏོན་ནིའི་དོན་ལུ་ མོས་མཐུན་ཐོག་ལས་ ཁས་ལེན་འབད་བའི་ དཔྱད་གཞི་དང་པ་ཨིནམ་ད་ པེ་རིསི་ཆིངས་ཡིག་ནང་ གསལ་བཀོད་འབད་མི་ དམིགས་དོན་ཚུ་ འབྲུག་གིས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ཀ་ཆེན་༤ གི་གྲངས་སུ་ཚུད་མི་ རང་བཞིན་མཐའ་འཁོར་གནས་སྟངས་ ཉམས་མེད་སྲུང་འཛིན་འབད་ནི་ལུ་ བརྩོན་ཤུགས་བསྐྱེད་མི་དང་ མ་མཐུནམ་སྦེ་ཡོདཔ་ཨིན་པས།

འབྲུག་གིས་ པེ་རིསི་ཆིངས་ཡིག་ལུ་ རྒྱབ་སྣོན་འབད་མི་དེ་གིས་ ཡུན་བརྟན་གོང་འཕེལ་དང་ དམིགས་བསལ་དུ་ འཛམ་གླིང་མི་སྡེ་དང་ མ་འོངས་མི་རབས་ཚུ་གི་ ཕན་བདེ་ལུ་དམིགས་ལུ་ རྒྱལ་ཁབ་ཀྱི་ས་ཆ་ བརྒྱ་ཆ་༧༠ དུས་དང་རྣམ་པ་ཀུན་ཏུ་ ནགས་ཚལ་གྱི་ ཁྱབ་བརྡལ་འོག་ལུ་ འཛིན་སྐྱོང་འཐབ་ནིའི་ནང་ དཔྱེ་སྟོན་གྱི་ འགན་འཁྲི་འབག་པའི་ བརྡ་མཚོན་སྟོནམ་ཨིན་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།

འབྲུག་གིས་ སྤྱི་ལོ་༢༠༡༦ ཟླ་༤ པའི་ཚེས་༢༢ ལུ་ པེ་རིསི་ཆིངས་ཡིག་གུ་ མཚན་རྟགས་བཀོད་དེ་ ཆིངས་ཡིག་དེ་ལུ་ རྒྱབ་སྣོན་ཆ་འཇོག་ཐོག་ འཐུས་མི་སྦེ་ འཛུལ་ཞུགས་འབད་ནིའི་དོན་ལུ་ སྤྱི་ལོ་༢༠༡༦ ཟླ་༡༡ པའི་ནང་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་ཐེངས་༨ པ་དང་ སྤྱི་ལོ་༢༠༡༧ ཟླ་༥ པའི་ནང་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཐེངས་༡༩ པའི་ནང་ གྲོས་བསྡུར་ཞིབ་པར་གནང་སྟེ་ ངོས་ལེན་ཆ་འཇོག་གྲུབ་གནང་ཡོདཔ་ཨིན་པས།

ནིའུ་ཡོག་ལུ་ བློན་ཆེན་ཚེ་རིང་སྟོབས་རྒྱས་མཆོག་གིས་ སྤྱི་ཟླ་༩ པའི་ཚེས་༡༩ ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་ཚོགས་འདུའི་ ལས་རིམ་ཅིག་ནང་ ཡུན་བརྟན་གོང་འཕེལ་དམིགས་ཡུལ་ཚུ་ འགྲུབ་ཐབས་འབད་ནིའི་ནང་ འབྲུག་གི་ཁ་ཐུག་ལས་ དབུལ་ཕོངས་རྩ་མེད་གཏང་ནི་དང་ ཡུན་བརྟན་གོང་འཕེལ་ཡར་དྲག་གཏང་ནི་གི་ ཐབས་ལམ་སྣ་ཚོགས་ལག་ལེན་འཐབ་དོ་ཡོད་པའི་སྐོར་ གསལ་བཤད་གནང་ཡོད་པའི་གནས་ཚུལ།

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *