བློན་ཆེན་གྱིས་ ལྷུན་རྩེ་སྨད་ཚོ་ལུ་ གློག་ཤུགས་མེ་ག་ཝཱཊ་༣༢ འབད་མི་ གཡུང་གི་ཆུ་གློག་མེ་ལས་འགུལ་གྱི་ ས་བསླང་རྟེན་འབྲེལ་མཛད་ཡོདཔ་ཨིན་པས།

འབྲུག་གིས་ ནུས་ཤུགས་ཉེན་སྲུང་གི་དོན་ལུ་ ཆུར་བརྟེན་གློག་མེ་ལས་འགུལ་གཞི་བཙུགས།

༉ འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱིས་ ལྷུན་རྩེ་དང་ གཞལམ་སྒང་ དེ་ལས་ ཧཱ་རྫོང་ཁག་ཚུ་ནང་ ཆུར་བརྟེན་གློག་མེ་ལས་འགུལ་ཆུང་བ་༣ བསྡོམས་ཏེ་ གློག་ཤུགས་མེ་ག་ཝཱཊ་༡༠༤ བཟོ་སྐྲུན་འབད་ནི་ཨིན་པས།

ཆུར་བརྟེན་གློག་མེ་ལས་འགུལ་ཆུང་བ་ཚུ་ བཟོ་སྐྲུན་འབད་ནིའི་ གནས་སྐབས་དེ་ཡང་ རྒྱལ་ཁབ་ནང་ ནད་ཡམས་ལུ་བརྟེན་ དཔལ་འབྱོར་གྱི་ དཀའ་ངལ་དང་ གདོང་ལེན་བྱུང་པའི་ ཉམས་མྱོང་དང་འཁྲིལ་ཏེ་ གཞུང་གིས་ བཏོན་ཡོདཔ་ཨིན་པས།

ཁ་ཙ་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ ལྷུན་རྩེ་སྨད་ཚོ་རྒེད་འོག་ནང་ གློག་ཤུགས་མེ་ག་ཝཱཊ་༣༢ འབད་མི་ གཡུང་གི་ཆུ་གློག་མེ་ལས་འགུལ་གཞི་བཙུགས་ཀྱི་ ས་བསླང་རྟེན་འབྲེལ་མཛད་ནུག། 

དུས་ཡུན་ཟླཝ་༣༦ གི་ ནང་འཁོད་ལུ་ མཇུག་བསྡུ་ནིའི་ ལས་འཆར་ཡོད་མི་ ལས་འགུལ་གྱི་ ཟད་འགྲོ་དེ་ཡང་ དངུལ་ཀྲམ་ཐེར་འབུམ་༣.༦༦ དེ་ཅིག་ ཚོད་རྩིས་བཏོན་ཏེ་ཡོདཔ་ཨིན་པས།

ལས་འགུལ་དེ་ ཆུར་བརྟེན་གློག་མེ་ལས་འགུལ་ དབྱེ་ཁག་དང་པའི་འོག་ལུ་ འགོ་འབྱེད་འབད་ཡོདཔ་ད་ དབྱེ་ཁག་དེ་ནང་ གཞལམ་སྒང་ནང་སྐོར་རྒེད་འོག་གི་ བུར་སྒང་ཆུ་ལུ་ མེ་ག་ཝཱཊ་༥༤ དང་ ཧཱ་གསང་སྦས་ཁ་ སཱུ་ཆུ་ལུ་ མེ་ག་ཝཱཊ་༡༨ འབད་མི་ གློག་མེ་འཕྲུལ་ཁང་རྐྱབ་ནི་ཚུ་ ཚུད་དེ་ཡོདཔ་ཨིན་པས།

ད་རེས་ ལས་འགུལ་དེ་༢ ཀྱི་ གློག་མེ་འཕྲུལ་ཁང་གི་ འཁོར་ལམ་ཚུ་ སེལ་བའི་བསྒང་ཡོདཔ་ཨིན་པས།

གློག་མེ་ལས་འགུལ་བཟོ་སྐྲུན་འབད་ནིའི་ནང་ ནང་འཁོད་ལྕོགས་གྲུབ་ཡར་དྲག་གཏང་ནིའི་དོན་ལུ་ ཞི་བའི་ལཱ་ཚུ་ འབྲུག་མི་ཁག་འབགཔ་ཚུ་ལུ་ འབད་བཅུག་ནིའི་དོན་ལས་ ཉུང་སུ་གཅིག་ལས་མེད་མི་ ཁག་འབགཔ་ཚུ་ རིན་བསྡུར་ཐོག་ ཕྱིར་སེལ་འབད་བའི་ཤུལ་ལུ་ གཡུང་གི་ཆུ་གློག་མེ་ལས་འགུལ་དེ་ རིག་གསར་ཁག་འབག་ལས་སྡེ་གིས་ དངུལ་ཀྲམ་ཐེར་འབུམ་༡.༣༨༥ ཐོག་ལས་ ཟླཝ་༣༡ ནང་འཁོད་ལུ་ བཟོ་སྐྲུན་འབད་ཚར་དགོཔ་ཨིན་པས།

གློག་ཤུགས་མེ་ག་ཝཱཊ་༥༤ འབད་མི་ བུར་སྒང་ཆུ་གློག་མེ་ལས་འགུལ་ནང་ དངུལ་ཀྲམ་ཐེར་འབུམ་༣.༥༦ བགོ་བཀྲམ་འབད་མི་ལས་ བཟོ་སྐྲུན་གོང་འཕེལ་ལས་འཛིན་གྱིས་ དངུལ་ཀྲམ་ཐེར་འབུམ་༠.༩ ཐོག་ལས་ ཞི་བའི་ལཱ་ཚུ་འབད་ནི་ཨིན་པས།

དེ་བཟུམ་སྦེ་ གསང་སྦས་ཁ་ལུ་ སཱུ་ཆུ་གློག་མེ་ལས་འགུལ་དེ་ བཱ་ཇ་ར་ཁག་འབག་བཟོ་སྐྲུན་ལས་སྡེ་གིས་ དངུལ་ཀྲམ་ཐེར་འབུམ་༡.༠༤ ཐོག་ལས་ རྐྱབ་ནི་ཨིནམ་ད་ ལས་འགུལ་གྱི་དོན་ལུ་ དངུལ་ཀྲམ་ཡོངས་བསྡོམས་ ཐེར་འབུམ་༢.༠༩ བཞག་ཡོདཔ་ཨིན་པས།

གཡུང་གི་ཆུ་གློག་མེ་འཕྲུལ་ཁང་གིས་ གློག་མེ་ཡུ་ནིཊ་ས་ཡ་༡༥༨ དང་ སཱུ་ཆུ་གློག་མེ་འཕྲུལ་ཁང་གིས་ གློག་མེ་ཡུ་ནིཊ་ས་ཡ་༧༧ དེ་ལས་ བུར་སྒང་ཆུ་གློག་མེ་ལས་འགུལ་གྱིས་ ཡུ་ནིཊ་ས་ཡ་༢༦༠ ཐོན་སྐྱེད་འབད་ཚུགས་ནི་ཨིན་པས།

གློག་མེ་ལས་འགུལ་ཚུ་ཡང་ གྲོང་གསེབ་ཀྱི་ ས་ཁོངས་ཚུ་ནང་ཡོདཔ་ལས་ དེ་གིས་ དཔལ་འབྱོར་གོང་འཕེལ་གཏང་ནི་དང་ ལཱ་གཡོག་གི་ གོ་སྐབས་བཟོ་ནི་ དེ་ལས་ སྤྱིར་བཏང་མི་སེར་གྱི་ གནས་རིམ་ནང་ དངོས་ཅན་དཔལ་འབྱོར་གྱི་ ཁེ་ཕན་འཐོབ་ཚུགས་ནི་ཨིན་པས།

གློག་ཤུགས་མེ་ག་ཝཱཊ་༡༠༤ གཞི་བཙུགས་འབད་མི་གིས་ རྒྱལ་ཁབ་ནང་ སྤྱིར་བཏང་ནུས་ཤུགས་ཀྱི་ ཉེན་སྲུང་ལུ་ ལྷན་ཐབས་དང་ གློག་རྒྱུན་རྩ་བརྟན་བཟོ་ནི་ཨིནམ་ད་ གློག་མེ་ལས་འགུལ་ཆུང་བ་དེ་ རང་བཞིན་གྱི་ རྐྱེན་ངན་ལུ་བརྟེན་ གློག་མེ་རྒྱུན་སྤེལ་ལུ་ བར་ཆད་རྐྱབ་པའི་སྐབས་ གལ་གནད་ཅན་ཅིག་ཨིན་པས།

འབྲུག་སླར་འབྱུང་གློག་མེ་ལས་འགུལ་འཛིན་གྱིས་ འོས་འབབ་བརྟག་ཞིབ་དང་ ལས་འགུལ་གྱི་ ཁ་གསལ་སྙན་ཞུ་ཚུ་ འབད་ཡོདཔ་ད་ ལས་འཛིན་གྱི་ ཡན་ལག་ཚོང་སྡེ་ འབྲུག་ཆུར་བརྟེན་གློག་མེ་ནུས་ཤུགས་ཚད་འཛིན་གྱིས་ ལས་འགུལ་ལག་ལེན་འཐབ་ནི་ལུ་ བཀོད་རྒྱ་བྱིན་ནི་ཨིན་པས།

གློག་མེ་ལས་འགུལ་ཆུང་བ་༣ གྱིས་ བདེ་སྲུངཔ་༡༠༠ ལྷགཔ་ཅིག་བརྩིས་ཏེ་ འབྲུག་མི་ན་གཞོན་༡,༠༠༠ དེ་ཅིག་ལུ་ ལཱ་གཡོག་བྱིན་ནི་གི་ རེ་བ་ཡོདཔ་ད་ གཡུང་གི་ཆུ་གློག་མེ་ལས་འགུལ་ནང་ བདེ་སྲུངཔ་ཚུ་ཡང་ རྒྱལ་ཡོངས་བདེ་སྲུང་ཞབས་ཏོག་བརྒྱུད་དེ་ བགོ་བཀྲམ་འབད་ནི་ཨིན་པས།

གནས་ཚུལ་གསར་བཏོན་དང་འཁྲིལ་བ་ཅིན་ ད་རེས་ འབྲུག་སླར་འབྱུང་གློག་མེ་ལས་འགུལ་གྱིས་ ཆུར་བརྟེན་གློག་མེ་ལས་འགུལ་ཆུང་བ་བཟོ་སྐྲུན་གྱི་ དབྱེ་ཁག་༢ པའི་དོན་ལུ་ ལས་འགུལ་༤ རྐྱབ་ནི་གི་ འོས་འབབ་བརྟག་ཞིབ་ཚུ་ འབད་དོ་ཡོདཔ་ཨིན་པས།

འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ དྲགོས་ཚེ་དབང་རིག་འཛིན་གྱིས་ སླབ་མིའི་ནང་ ས་ཁོངས་༡༩༠ ལུ་ འོས་འབབ་བརྟག་ཞིབ་རྒྱས་པར་འབད་བའི་ཤུལ་ལས་ ལས་འགུལ་དེ་༣ གློག་མེ་བཟོ་སྐྲུན་འབད་ནི་ལུ་ འོས་འབབ་མཐོང་སྟེ་ གདམ་ཁ་རྐྱབ་ཡོདཔ་བཞིན་དུ་ འོས་འབབ་བརྟག་ཞིབ་དེ་ཡང་ སྤྱི་ལོ་༢༠༢༡ ལུ་ མཇུག་བསྡུ་ཡོདཔ་ཨིན་པས།

ཁོ་གིས་ སླབ་མིའི་ནང་ གློག་མེ་ལས་འགུལ་དབྱེ་ཁག་༢ པའི་ནང་ བསྡོམས་ཀྱིས་གློག་ཤུགས་མེ་ག་ཝཱཊ་༢༦༡ འོས་འབབ་བརྟག་ཞིབ་འབད་ནི་སྦེ་ བཞག་ཡོད་ཟེར་ཨིན་པས།

དེ་ཡང་ ཇོ་མོ་གཙང་ཁ་དྲུང་ཁག་འོག་ལུ་ གློག་ཤུགས་མེ་ག་ཝཱཊ་༨༥ འབད་མི་ ཇོ་མོ་རི་གློག་མེ་ལས་འགུལ་དང་ སག་སྟེང་དྲུང་ཁག་ནང་ གློག་ཤུགས་མེ་ག་ཝཱཊ་༨༥ འབད་མི་ སྒམ་རི་གློག་མེ་ལས་འགུལ་༡ པ་ མེ་ག་ཝཱཊ་༨༥ འབད་མི་ སྒམ་རི་གློག་མེ་ལས་འགུལ་༢ པ་ བསམ་རྩེ་རྫོང་ཁག་ནང་ མེ་ག་ཝཱཊ་༡༨ འབད་མི་ འབྲུག་བིན་དུ་གློག་མེ་ལས་འགུལ་༡ པ་ མེ་ག་ཝཱཊ་༨ འབད་མི་ བིན་དུ་གློག་མེ་ལས་འགུལ་༢ པ་ དེ་ལས་ ཐིམ་ཕུག་ཀ་ཝང་རྒེད་འོག་ལུ་ མེ་ག་ཝཱཊ་༢༠ འབད་མི་ བོད་སྒར་ནང་གློག་མེ་ལས་འགུལ་ཚུ་ཨིན་པས།

དྲགོས་ཚེ་དབང་རིག་འཛིན་གྱིས་ སླབ་མིའི་ནང་ དུས་ཅི་ སྤྱི་ཟླ་༡༢ པའི་ནང་ མེ་ག་ཝཱཊ་༨༥ འབད་མི་ ཇོ་མོ་རི་གློག་མེ་ལས་འགུལ་གྱི་ འོས་འབབ་བརྟག་ཞིབ་ མཇུག་བསྡུ་ནི་དང་ དབྱེ་ཁག་༢ པའི་གློག་མེ་ལས་འགུལ་གྱི་ འོས་འབབ་བརྟག་ཞིབ་ཚུ་ སྤྱི་ལོ་༢༠༢༣ ཟླ་༦ པའི་ནང་ མཇུག་བསྡུ་འོང་ཟེར་ཨིན་པས།

དབྱེ་ཁག་༢ པའི་ ལས་འགུལ་ཚུ་གི་ འཕྲུག་རིག་དཔལ་འབྱོར་འོས་ལྡན་གྱི་ ལས་འགུལ་བཟོ་སྐྲུན་དེ་ཡང་ སྤྱི་ལོ་༢༠༢༣ གྱི་ ནང་འཁོད་ལུ་ འགོ་བཙུགས་འོང་ཟེར་ འཛིན་སྐྱོང་མདོ་ཆེན་གྱིས་ བཤདཔ་ཨིན་པས།

ལྷུན་རྩེ་རྫོང་བདག་ངོ་ཚབ་ དབང་ཆེན་ནོར་བུ་གིས་ སླབ་མིའི་ནང་ ལས་འགུལ་དེ་གིས་ མི་སྡེ་ལུ་ ཁེ་ཕན་སྦོམ་སྦེ་ར་ འབྱུང་ཚུགས་ནི་ཨིནམ་བཞིན་དུ་ གཞི་རྟེན་གོང་འཕེལ་དང་ སོ་ནམ་ཞིང་ལམ་ཚུ་ རྒྱ་སྐྱེད་དང་ རྩི་ནག་གཏང་འོང་ཟེར་ཨིན་པས།

སོ་ནམ་པ་ཚུ་གིས་ ཁོང་རའི་ སོ་ནམ་དང་ སྒོ་ནོར་གྱི་ ཐོན་སྐྱེད་བཙོང་ནི་ལུ་ ཚོང་ལམ་འཐོབ་ནི་ཨིནམ་ཚད་ ལཱ་གཡོ་གི་གོ་སྐབས་དང་ མི་སྡེ་ནང་ དཔལ་འབྱོར་ཡར་དྲག་གཏང་ནི་ལུ་ ཁེ་ཕན་འཐོབ་ཚུགས་ཟེར་ རྫོང་བདག་ངོ་ཚབ་ཀྱིས་ བཤདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *