འབྲུག་གི་ ལྟ་བཤལ་བཅའ་ཡིག་དང་སྒྲིག་གཞི་ཟིན་བྲིས་ ཐག་བཅད་བཟོ་ཡོདཔ།

༉ འབྲུག་ལྟ་བཤལ་ཚོགས་སྡེ་གིས་ འབྲུག་གི་ ལྟ་བཤལ་བཅའ་ཡིག་དང་སྒྲིག་གཞི་ཟིན་བྲིས་༢༠༢༢ ཅན་མ་དེ་ ཐག་བཅད་བཟོ་ཡོདཔ་ཨིན་པས།

ལྟ་བཤལ་བཅའ་ཡིག་དང་སྒྲིག་གཞི་༢༠༢༢ མ་དང་འཁྲིལཝ་ད་ ཧེ་མར་ ཟིན་བྲིས་ནང་ ཚོང་འབྲེལ་འགོ་བཙུགས་པའི་སྐབས་ ལྟ་བཤལ་ལག་ལེན་ལས་སྡེ་དང་ ཟ་ཁང་ཚུ་གིས་ དངུལ་ཀྲམ་༥༠༠,༠༠༠ འབད་མི་ ཚོང་འབྲེལ་གྱི་ གན་རྒྱ་(ཉེན་སྲུང་མ་དངུལ་)ཅིག་ ཁས་ལེན་འབད་དགོཔ་སྦེ་ཡོད་རུང་ བཟོ་མི་དགོ་ནི་ཨིན་པས།

དེ་ཡང་ ལྟ་བཤལ་བཅའ་ཡིག་དང་སྒྲིག་གཞི་ཐག་བཅད་བཟོ་མི་ནང་ ཉེན་སྲུང་མ་དངུལ་གྱི་ དོན་ཚན་དེ་ར་ ཕྱིར་བཏོན་འབད་དེ་ཡོདཔ་ཨིན་པས།

ཚོགས་སྡེ་གིས་ བཅའ་ཡིག་ཟིན་བྲིས་གུ་ འབྲེལ་ཡོད་ལས་སྡེ་ཚུ་དང་ གྲོས་བསྟུན་འབད་བའི་སྐབས་ ཟ་ཁང་བཙུགས་སྡོད་མི་ཚུ་གིས་ ཚོང་འབྲེལ་འགོ་བཙུགས་གི་ གན་རྒྱ་(ཉེན་སྲུང་མ་དངུལ་)ཅིག་ ཁས་ལེན་འབད་དགོ་མི་ལུ་ ངེས་ལེན་ཡོད་རུང་ ཟ་ཁང་གི་ གནས་རིམ་དང་འཁྲིལ་ཏེ་ བཟོ་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ ཧེ་མར་ བཅའ་ཡིག་ཟིན་བྲིས་ནང་ ལྟ་བཤལཔ་སྐྱེལ་འདྲེན་འབད་ནིའི་དོན་ལུ་ སྣུམ་འཁོར་གྱི་ ཚད་གཞི་བཟོ་མི་ཡང་ མེདཔ་བཟོ་ཡོདཔ་ཨིན་པས།

ཆ་འཇོག་འབད་མི་ བཅའ་ཡིག་དང་འཁྲིལཝ་ད་ འབྲུག་ལྟ་བཤལ་ཚོགས་སྡེ་གིས་ ལྟ་བཤལ་པའི་ སྣུམ་འཁོར་ཅིག་སྦེ་ ཐོ་བཀོད་འབད་དེ་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་ བཅའ་ཡིག་དང་སྒྲིག་གཞི་འཁྲིལ་ཏེ་ འཁོར་ལམ་ནང་ རྒྱུན་འགྲུལ་འཐབ་ནི་ འོས་འབབ་དང་ དགོས་མཁོ་གཞན་ཚུ་ བརྟག་ཞིབ་འབད་དགོཔ་ཨིན་པས།

ངོ་སྦྱོར་དེ་ ལོ་བསྟར་བཞིན་དུ་ བསྐྱར་གསོ་འབད་དགོཔ་ད་ སྣུམ་འཁོར་ངོ་སྦྱོར་འབད་ནི་ ངོ་རྐྱང་ཚུ་གིས་ དགོས་མཁོ་ཅན་གྱི་ ཡིག་ཆ་ཚུ་དང་གཅིག་ཁར་ ཚོགས་སྡེ་ལུ་ ཡི་གུ་བཙུགས་དགོ་ཟེར་ བཅའ་ཡིག་ནང་ བཀོད་ཡོདཔ་ཨིན་པས།

བཅའ་ཡིག་ཟིན་བྲིས་ནང་འབད་བ་ཅིན་ ལྟ་བཤལ་པའི་སྣུམ་འཁོར་ཚུ་ ལོ་༧ འོག་རྒྱུ་འབད་མི་དགོ་པའི་ཁར་ ཤུགས་ཚད་ཨེསི་ཡུ་བི་ སི་སི་༡,༩༠༠ དང་ བཱསི་ཚུ་ཡང་ སི་སི་༢,༤༠༠ ཡན་ཆད་དགོཔ་མ་ཚད་ གློག་ཤུགས་སྣུམ་འཁོར་ཨིན་པ་ཅིན་ འཕྲུལ་ལྟོ་ཀི་ལོ་ཝཱཊ་༤༠ འབད་མི་ དགོཔ་ཨིན་པས།

བཅའ་ཡིག་ཟིན་བྲིས་ནང་ དེད་གཡོགཔ་ཚུ་ ཉམས་མྱོང་ལོ་༣ དང་ སྐྱེས་ལོ་༢༥ ལས་༥༦ ཚུན་འབད་མི་ དགོཔ་ཨིན་རུང་ སྣུམ་འཁོར་གྱི་ ཁྱད་རིག་ལྡན་པའི་ལག་ཁྱེར་ཡོད་མི་ཚུ་གིས་ཡང་ ལྟ་བཤལ་པའི་ དེད་གཡོགཔ་འབད་ནིའི་ གོ་སྐབས་འཐོབ་ནི་ཨིན་པའི་ཁར་ ཚོགས་སྡེ་གིས་ ངོ་སྦྱོར་འབད་དགོཔ་ཨིན་པས།

བཅའ་ཡིག་དང་འཁྲིལ་བ་ཅིན་ ཧེ་མར་ ཟིན་བྲིས་ནང་ ལམ་སྟོན་པའི་གནས་རིམ་༤ ཡོད་མི་དེ་ ལམ་སྲོལ་ལམ་སྟོན་པ་དང་ ལམ་སྲོལ་དང་དམིགས་བསལ་ལྟ་བཤལ་ལམ་སྟོན་པའི་ གནས་རིམ་ག་ཅི་ནང་འབད་རུང་ དེ་ལས་ ལམ་སྟོན་པའི་འགོ་ཁྲིདཔ་སྦེ་ གནས་རིམ་༣ སྦེ་ བཟོ་ཡོདཔ་ཨིན་པས།

དུས་ཅི་ སྤྱི་ཟླ་༧ པའི་ཚེས་༢༠ གི་ཧེ་མར་ འབྲུག་ལུ་ འོང་ནིའི་དོན་ལས་ མཁོ་མངགས་འབད་མི་ཚུ་གིས་ སྤྱི་ལོ་༢༠༢༣ ཟླ་༡༢ པའི་ནང་འཁོད་ལུ་ ཧེ་མའི་ ལྟ་བཤལ་པའི་སྲིད་བྱུས་ ཞག་རེ་ལུ་ ཡུན་བརྟན་གོང་འཕེལ་གྱི་འཐུས་ ཡུ་ཨེསི་ཌོ་ལར་༦༥ རེ་སྤྲོད་ཐོག་ལས་ འོང་ནིའི་གོ་སྐབས་ འཐོབ་ནི་ཨིན་པས།

ཨིན་རུང་ སྤྱི་ཟླ་༧ པའི་ཚེས་༢༠ གི་ཤུལ་ལས་ ཐོ་བཀོད་འབད་མི་ཚུ་གིས་ སྲིད་བྱུས་ཀྱི་ གསར་ཐོག་ལས་ འོང་དགོཔ་ཨིནམ་བཞིན་དུ་ ཞག་རེ་ལུ་ ཡུ་ཨེསི་ཌོ་ལར་༢༠༠ དང་ ལུང་ཕྱོགས་ལྟ་བཤལཔ་ཚུ་གིས་ ཉིནམ་རེ་ལུ་ དངུལ་ཀྲམ་༡,༢༠༠ རེ་ སྤྲོད་དགོཔ་ནི་ཨིན་པས།

སྤྱི་ཟླ་༩ པའི་ཚེས་༢༣ ལུ་ འབྲུག་ལུ་ ལོག་ལྟ་བཤལ་སྒོ་ཕྱེཝ་དང་འབྲེལ་ འབྲུག་གིས་ ས་མཚམས་ལོག་སྒོ་ཕྱེ་བའི་ཉིན་མར་ སྤ་རོ་རྒྱལ་སྤྱིའི་གནམ་ཐང་ནང་ ཕྱི་རྒྱལ་གྱི་མགྱོནམ་༡༢༠ ལྷོད་ཡོད་མི་ལས་ ལྟ་བཤལཔ་༣༠ བསྐྱར་ཞིབ་འབད་བའི་ ཡུན་བརྟན་གོང་འཕེལ་གྱི་ འཐུས་སྤྲོད་དེ་ འོང་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *