༉ ཁ་ཙ་ སྤྱི་ཚོགས་གཉིས་པའི་ཚོགས་ཐེངས་༡༡ པའི་ འགོ་འབྱེད་རྟེན་འབྲེལ་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ འགོ་བཙུགས་གནང་ཡི།
མར་ཆང་དང་ བཞུགས་གྲལ་ཕུན་ཚོགས་པའི་སྒོ་ལས་ འགོ་འབྱེད་གནངམ་ད་ རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན་ འཇིགས་མེད་བཟང་པོ་གིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤྱི་ཟླ་༦ པའི་ཚེས་༡༠ ལུ་ འབྲུག་དང་ རྒྱ་གར་གྱི་བར་ན་ ཕྱི་འབྲེལ་དོན་གཅོད་ཀྱི་ མཐུན་འབྲེལ་གཞི་བཙུགས་འབད་དེ་ ལོ་ངོ་༥༠ འཁོར་བའི་ དུས་སྟོན་བརྩི་སྲུང་དང་འབྲེལ་ ངང་ལམ་དང་རྒྱལ་པོའི་ཞིང་གི་ གཞུང་ལམ་འགོ་འབྱེད་མཛད་གནང་མི་ལུ་ དགའ་ཚོར་ཡོད་ལུགས་ཞུ་ཡི།
གཞུང་ལམ་དེ་གིས་ རྒྱལ་ཁམས་ཀྱི་ དཔལ་འབྱོར་གནས་སྟངས་ལུ་ ལྷན་ཐབས་འབད་ཚུགས་པའི་ཁར་ དམིགས་བསལ་དུ་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ འགྲོ་འགྲུལ་འབད་མི་ཚུ་ལུ་ ཕན་ཐོགས་འབྱུང་འོང་ཟེར་ ཚོགས་དཔོན་གྱིས་ གསུངས་ཡི།
མི་དབང་མཆོག་གིས་ དབང་འདུས་ཕོ་བྲང་རྫོང་ གསར་བཞེངས་འབད་བའི་བསྒང་ཡོད་མི་ལུ་ གསེར་ཏོག་བཀལ་གནང་མི་དང་ རྫོང་ཁག་༢༠ ནང་ གོང་འཕེལ་གྱི་ གཟིགས་སྐོར་ནང་བྱོན་ཏེ་ མི་སེར་ཚུ་གིས་གཙོས་པའི་ སློབ་གྲྭ་ཁག་གི་ སློབ་དཔོན་དང་ སློབ་ཕྲུག་ཚུ་དང་གཅིག་ཁར་ མཇལ་ཕྲད་ཐོག་ སྐྱིད་སྡུག་གནང་མི་ལུ་ སྤྱི་ཚོགས་ཀྱི་ཧོངས་ལས་ དགའ་ཚོར་ཡོད་ལུགས་ཞུ་ཡི།
དེ་ལས་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ཆོས་ཀྱི་བསྟན་པ་དར་ནི་དང་ རྒྱལ་ཁབ་ནང་ དགའ་སྐྱིད་ཀྱི་དོན་ལུ་ ཆོས་འབྲེལ་མཛད་རིམ་གནང་མི་ལུ་ དགའ་ཚོར་ཡོད་ལུགས་ཞུ་ཡི།
བཙག་འཐུ་ལྷན་ཚོགས་ཀྱིས་ བཙག་འཐུ་དང་འབྲེལ་བའི་ གོ་བརྡ་སྤྲོད་མི་དེ་གིས་ སྤྱི་ཟླ་༤ པའི་ཚེས་༢༠ ལུ་ རྒྱལ་ཡོངས་ཚོགས་སྡེའི་ནང་ བཅའ་མར་གཏོགས་མི་ མི་གྲངས་མཐོ་ཤོས་ཐོག་ལས་ བཙག་འཐུ་འབད་ཡོད་མི་ལུ་ དགའ་ཚོར་ཡོད་ཟེར་ ཚོགས་དཔོན་གྱིས་གསུངས་ཡི།
མི་དབང་མངའ་ཞབས་མཆོག་གི་ བཀའ་བཞིན་དུ་ རྒྱ་འབྲུག་བར་ནའི་མཐུན་ལམ་ ལོ་ངོ་༥༠ འཁོར་བའི་ དུས་སྟོན་དང་འབྲེལ་ ཤེས་རིག་ལྷན་ཁག་གིས་ སྤྱི་ཟླ་༥ པའི་ཚེས་༢ ལུ་ སློབ་དཔོན་གྱི་ ཉིནམ་བརྩི་སྲུང་འབད་བའི་སྐབས་ ལྕང་གླིང་མི་ཐང་ནང་ དམིགས་བསལ་དུ་ སྤྱི་ལོ་༡༩༦༠ གྱ་གྲངས་ལུ་ རྒྱལ་ཁབ་ཀྱི་ སློབ་གྲྭ་ཁག་ཚུ་ནང་ སློབ་སྟོན་འབད་མི་ རྒྱ་གར་གྱི་ སློབ་དཔོན་ཚུ་མགྲོན་ཞུ་འབད་ཡོདཔ་ད་ རྒྱལ་ཁབ་ནང་ ཕྱག་ཞུ་སྟེ་ དགོངས་ཞུ་འབད་མི་ རྒྱ་གར་གྱི་ སློབ་དཔོན་ཚུ་ལུ་ ལག་ཁྱེར་དང་ མི་དབང་མཆོག་གིས་ མཇལ་ཕྲད་གནང་ཡོདཔ་བཞིན་དུ་ སྤྱི་ཚོགས་ཀྱིས་ དམིགས་བསལ་དུ་ སློབ་དཔོན་༤༣ ལུ་ དགའ་ཚོར་ཡོད་ལུགས་ཞུ་ཡི།
དེ་དང་གཅིག་ཁར་ ཚོགས་དཔོན་གྱིས་ སྤྱི་ཚོགས་ཀྱི་ཧོངས་ལས་ རྒྱལ་ཡོངས་ཚོགས་སྡེའི་ ཁྲི་འཛིན་དང་ འཐུས་མི་ཚུ་ལུ་ དགའ་ཚོར་ཡོད་ལུགས་དང་ ཚོགས་སྡེ་གིས་ འགན་ཁུར་ཚུལ་ལྡན་འབག་སྟེ་ རྩ་བ་གསུམ་ལུ་ དད་དམ་ལྷན་མེད་ཀྱི་སྒོ་ལས་ ཕྱག་ཞུ་བའི་ རེ་བ་ཡོད་ཟེར་གསུངས་ཡི།
རྒྱལ་ཡོངས་ཚོགས་འདུ་གིས་ སྤྱི་ཚོགས་ལྷན་བཞུགས་ནང་ རྩིས་ཞིབ་དབང་འཛིན་༢༠༡༧ ཅན་མའི་ དཔྱད་ཡིག་ལུ་ ཁ་འཆམ་བྱུང་མ་ཚུགས་མི་ དོན་ཚན་ཚུ་གི་སྐོར་ གསུང་གྲོས་གནང་ནི་ཨིནམ་ད་ དམངས་རྩིས་ཚོགས་ཆུང་གི་ ལས་འབྲེལ་རྩིས་ཞིབ་སྙན་ཞུ་ ཐེངས་༡༠ པ་ བསྟར་སྤྱོད་འབད་ནིའི་སྐོར་ལས་ཡང་ གསུང་གྲོས་གནང་ནི་ཨིན་པས།
དེ་ལས་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ སྤྱི་ཚོགས་ལྷན་བཞུགས་ནང་ རྒྱལ་ཁམས་ཀྱི་ གནས་སྟངས་སྙན་ཞུ་ ཕུལ་ནི་ཨིན་པས།
ཚོགས་ཐེངས་༡༡ པའི་ནང་ སྤྱི་ལོ་༢༠༡༧ ལོའི་ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་དང་ རྩིས་ལོ་༢༠༡༨ དང་༢༠༡༩ འི་ གནས་སྐབས་ཅིག་གི་འཆར་དངུལ་ རྩིས་ལོ་༢༠༡༦ དང་༢༠༡༧ གྱི་ འཆར་དངུལ་སྙན་ཞུ་སྐོར་ གསུང་གྲོས་གནང་ནི་ཨིན་པས།
དེ་ལས་ རྩིས་ལོ་༢༠༡༧ ལས་༢༠༡༨ ཀྱི་དོན་ལུ་ བསྒྱུར་བཅོས་འབད་མི་ འཆར་དངུལ་སྐོར་ལས་ཡང་ གསུང་གྲོས་གནང་ནི་ཨིན་པས།
དབང་འདུས་ཕོ་བྲང་དང་ པདྨ་དགའ་ཚལ་ དེ་ལས་ གཞལམ་སྒང་རྫོང་ཁག་ཚུ་ལས་ལྷོད་མི་ གནད་དོན་ཚུ་ལུ་ཡང་ སྤྱི་ཟླ་༥ པའི་ཚེས་༣༡ ལུ་ སྔོན་འགྲོའི་ཞལ་འཛོམས་ འཚོགས་པའི་ཤུལ་ལས་ འབྲེལ་ཡོད་ལྷན་ཁག་དང་ ལས་སྡེ་ཚུ་ལུ་ འཕྲལ་མགྱོགས་ར་ སེལ་ཐབས་འབད་དགོཔ་སྦེ་ བཏང་ཡོད་པའི་གནས་ཚུལ།
བཀྲིས་བསྟན་འཛིན།