༉ ས་ཁྱིམ་གླར་སྤྱོད་ཀྱི་བཅའ་ཁྲིམས་ཡོད་རུང་ བཅའ་ཡིག་དང་སྒྲིག་གཞི་མེད་མི་ལུ་བརྟེན་ བསྟར་སྤྱོད་འབད་བའི་སྐབས་ གདོང་ལེན་བྱུང་མི་དེ་ ད་ལས་ཕར་ སེལ་ཚུགས་ནི་ཨིན་པས།
དེ་ཡང་ སྤྱི་ཟླ་༥ པའི་ཚེས་༡༡ ལུ་ མོང་སྒར་ལུ་ ཞབས་ཏོག་ལྷན་ཁག་དང་ བཟོ་རིག་འགོ་དཔོན་ཚུ་གི་བར་ན་ གྲོས་བསྟུན་ཞལ་འཛོམས་འཚོགས་མི་དང་འབྲེལ་ འབྲུག་གི་ས་ཁྱིམ་གླར་སྤྱོད་ཀྱི་བཅའ་ཡིག་དང་སྒྲིག་གཞི་༢༠༡༨ ཅན་མ་ གསར་བཏོན་འབད་མི་ལུ་བརྟེན་ཨིན་པས།
གླར་སྤྱོད་ཀྱི་གནད་དོན་ཐད་ཁར་ དཀའ་ངལ་སྦོམ་ཐོན་མི་དེ་ཡང་ དཔལ་འབྱོར་གོང་འཕེལ་མགྱོགས་དྲགས་སྦེ་འགྱོ་རུང་ འདྲ་མཉམ་སྦེ་ ཞབས་ཏོག་སྤྲོད་མ་ཚུགསཔ་ལས་ ཁང་གླ་དང་འབྲེལ་བའི་ ཉོགས་བཤད་ཚུ་ སེལ་ཐབས་འབད་མ་ཚུགས་པར་ ཡོདཔ་ཨིན་པས།
ཁྲིམས་དོན་འགོ་དཔོན་ མགོན་པོ་ཚེ་རིང་གིས་ འབྲུག་གི་ས་ཁྱིམ་གླར་སྤྱོད་བཅའ་ཁྲིམས་༢༠༡༥ ཅན་མ་ནང་ གླར་སྤྱོད་གནད་དོན་ལམ་ལུགས་ཚུ་ འཁོད་ཡོད་རུང་ ཁང་གླར་སྡོད་མི་དང་ ཁྱིམ་གྱི་ཇོ་བདག་༢ ཀྱི་བར་ན་ རྩོད་རྙོགས་རེ་འབྱུངམ་ད་ བཅའ་ཡིག་དང་ སྒྲིག་གཞི་དང་འབྲེལ་བའི་གནད་དོན་དག་པ་ཅིག་ འགབ་མ་ཚུགས་པར་ ལུས་ནུག་ཟེར་ཨིན་པས།
དེ་འབདཝ་ལས་ ཞབས་ཏོག་ལྷན་ཁག་གིས་ བཅའ་ཡིག་དང་སྒྲིག་གཞི་༢༠༡༨ ཅན་མ་ གསར་བརྩམས་འབད་མི་དེ་ བཅའ་ཁྲིམས་དེ་གི་དོན་ཚན་༡༢༦ པའི་ དགོངས་དོན་དང་འཁྲིལ་ བཅའ་ཡིག་དང་ སྒྲིག་གཞི་ ལེའུ་༡༡ གི་ཐོག་ལུ་ དོན་ཚན་༡༤༨ འཁོད་དེ་ཡོདཔ་ཨིན་པས།
བཅའ་ཡིག་དང་སྒྲིག་གཞི་འཁྲིལ་ ད་ལས་ཕར་ ཁང་གླར་སྡོད་མི་དང་ ཇོ་བདག་༢ ཀྱི་བར་ན་ རྩོད་རྙོགས་ཐོན་མི་ཚུ་ རྫོང་ཁག་ཁྲོམ་ནང་ཨིན་པ་ཅིན་ རྫོང་ཁག་ཉོགས་འཛིང་འདུམ་འགྲིག་ཚོགས་ཆུང་དང་ ས་གནས་གཞུང་གི་དོན་ལུ་ རྒེད་འོག་ཉོགས་འཛིང་འདུམ་འགྲིག་ཚོགས་ཆུང་ དེ་ལས་ ཁྲོམ་སྡེའི་དོན་ལུ་ ཁྲོམ་སྡེ་རྩོད་རྙོགས་འདུམ་འགྲིག་ཚོགས་ཆུང་ནང་ ཉོགས་བཤད་ཡི་གུ་ཚུ་ བཙུགས་ཞིནམ་ལས་ དཀའ་ངལ་བསལ་ཚུགས་ནི་ཨིན་པས།
དུས་ཡུན་ཟླཝ་༡ ལས་ལྷག་སྟེ་ ཁང་གླར་སྡོད་ནི་ཨིན་པ་ཅིན་ ཁང་གླར་སྡོད་མི་དང་ ཇོ་བདག་རྩ་ཕན་གཉིས་ཀྱི་བར་ན་ དཔང་པོ་གཉིས་བཙུགས་ཏེ་ ཟླ་རིམ་གྱི་ཁང་གླ་དང་ ཁྲིམས་རྟགས་ མིང་རྟགས་བཀོད་དེ་ ཕན་ཚུན་མོས་མཐུན་གྱི་ཐོག་ལས་ གན་ཡིག་ཁ་གསལ་བཟོ་དགོཔ་ཨིན་པས།
གན་ཡིག་བཟོ་ཞིནམ་ལས་ འདྲ་གསུམ་བཟོ་དགོ་མི་དེ་ཡང་ འདྲ་རེ་རྩ་ཕན་ཚུན་གཉིས་ལུ་བཞག་ནི་དང་ འདྲ་གཅིག་ཁང་གླར་སྡོད་པའི་ ཉིནམ་ལས་འགོ་བཟུང་ བདུན་ཕྲག་གཉིས་ཀྱི་ནང་འཁོད་ ཇོ་བདག་གིས་ འབྲེལ་ཡོད་རྫོང་ཁག་དང་ ཡང་ཅིན་ རྒེད་འོག་ ཡང་ཅིན་ ཁྲོམ་སྡེ་ཡིག་ཚང་ལུ་ སྤྲོད་དགོཔ་ཨིན་ཟེར་ཨིན་པས།
ཇོ་བདག་གིས་ ཁང་གླར་སྡོད་མི་ཚུ་ ཁྱིམ་ནང་འཛུལ་ཞིནམ་ལས་ ལོ་གཉིས་མ་ལང་ཚུན་ ཁང་གླ་ཡར་སེང་འབད་ མ་ཆོགཔ་སྦེ་ འཁོད་ཡོདཔ་མ་ཚད་ གལ་སྲིད་ ཡར་སེང་རུང་ ཟླ་རིམ་ཁང་གླ་ལས་ མཐོ་ཤོས་བརྒྱ་ཆ་༡༠ ལས་བརྒལ་ སེང་མི་ཆོག་ཟེར་ཨིན་པས།
བཅའ་ཡིག་དང་སྒྲིག་གཞི་ནང་ ས་ཁྱིམ་གླར་སྤྱོད་འབད་བའི་ཤུལ་ལས་ སའི་ཇོ་བདག་གི་ བདག་དབང་དང་ འགན་འཁྲི་ དེ་ལས་ གླར་སྤྱོད་འབད་མི་དང་ ཁང་གླར་སྡོད་མི་ཚུ་གི་ བདག་དབང་དང་འགན་འཁྲི་ཚུ་ འཁོད་དེ་འདུག།
ད་ལས་ཕར་ རྩོད་རྙོགས་ཚུ་ ཉོགས་འཛིང་འདུམ་འགྲིག་ཚོགས་ཆུང་གིས་ གྲོས་ཆོད་བཏོན་མིའི་གུ་ ཁེ་རྒུད་མ་བཏུབ་པ་ཅིན་ ཞག་གྲངས་༡༠ གྱི་ནང་འཁོད་ མཐོ་གཏུགས་ཞུ་ཆོག་ནི་ ཨིན་པའི་གནས་ཚུལ།
མོང་སྒར་ལས་ བཀྲིས་ཕུན་ཚོགས།