༉ ཨིན་ཌོ་ནེ་ཤི་ཡའི་ རྒྱལ་ས་ཇ་ཀར་ཏ་ལུ་ དབང་པོ་སྐྱོན་ཅན་གྱི་ ཨེ་ཤི་ཡའི་ རྩེད་འགྲན་༣ པ་ འགོ་འདྲེན་འཐབ་མིའི་ནང་ དབང་པོ་ལུ་ ཐོ་ཕོག་མི་ འབྲུག་གི་ལུས་རྩལཔ་༢ ཀྱིས་ ངལ་རངས་ཏོག་ཏོ་སྦེ་ རྩེད་འགྲན་འབད་ཡོད་རུང་ ཕྱིར་བཏོན་སྐོར་ཐེངས་ནང་ མཐར་འཁྱོལ་བྱུང་མ་ཚུགས་པས།
འབྲུག་གི་མདའ་རྩེདཔ་ སྐྱེས་ལོ་༣༠ལང་མི་ པདྨ་རིག་གསལ་དེ་ རིང་ཚད་མི་ཊར་༧ འབད་མི་ རྐང ཁྲི་འཁོར་ལོ་ཅནམ་གུ་སྡོད་དེ་ མདའ་རྩེད་འགྲན་བསྡུར་འབདཝ་ད་ མ་ལེ་ཤི་ཡ་གིས་ ཕམ་བཏང་ནུག།
དེ་ལས་ ཀུན་ལེགས་སྒྲོལམ་གིས་ རིང་ཚད་མི་ཊར་༡༠འབད་མི་ རྐང་ཁྲི་འཁོར་ལོ་ཅནམ་ཐོག་ ཀྲོབ་མདའ་རྐྱབ་ནིའི་ནང་ དོ་འགྲན་འབདཝ་ད་ སྐུགས་༦༥༤ ལས་༥༨༠.༩ ཐོབ་ལས་ ནོག་ཨའུཊ་འགྲན་བསྡུར་གྱི་དོན་ལས་ མཐར་འཁྱོལ་མ་ཚུགས་པས།
འབྲུག་དབང་པོ་སྐྱོན་ཞུགས་ཚོགས་སྡེའི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ མ་གཞི་ ལུས་རྩལཔ་༢ ཀྱིས་ ཨེ་ཤི་ཡཱན་རྩེད་འགྲན་གྱི་དོན་ལུ་ སྦྱོང་བརྡར་འབད་ནིའི་ དུས་ཚོད་གངམ་མ་ཐོབ་རུང་ དོ་འགྲན་ལེགས་ཤོམ་འབད་ཡི་ཟེར་ཨིན་པས།
ཨེ་ཤི་ཡའི་རྩེད་འགྲན་ནང་ འབྲུག་དབང་པོ་སྐྱོན་ཞུགས་ཚོགས་སྡེའི་གཙོ་འཛིན་ མི་དབང་རྒྱལ་སྲསམོ་ ཨུཏྤལ་མ་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ འབྲུག་པའི་སྡེ་ཚན་ འགོ་ཁྲིད་གནང་ཡོདཔ་ཨིན་པས།
བདུན་ཕྲག་༡ གི་རིང་ འགོ་འདྲེན་འཐབ་མི་ དབང་པོ་སྐྱོན་ཅན་གྱི་ ཨེ་ཤི་ཡའི་རྩེད་འགྲན་ཚུ་ནང་ རྒྱལ་ཁབ་༤༣ ལས་ དབང་པོ་ལུ་ཐོ་ཕོག་མི་ ལུས་རྩལཔ་༤,༠༠༠ལྷགཔ་ཅིག་གིས་ རྟགས་མ་༥༨༡ གི་དོན་ལུ་ དོ་འགྲན་འབད་བའི་བསྒང་ཡོདཔ་ད་ རྩེད་འགྲན་དེ་ ད་རིས་ མཇུག་བསྡུ་ནི་ཨིན་པས།
འབྲུག་དབང་པོ་སྐྱོན་ཞུགས་ཚོགས་སྡེ་དེ་ སྤྱི་ལོ་༢༠༡༧ ལུ་ གཞི་བཙུགས་འབད་བའི་ཤུལ་ལུ་ རྒྱལ་སྤྱི་དབང་པོ་སྐྱོན་ཞུགས་ཚོགས་སྡེ་དང་ ཨེ་ཤི་ཡཱན་ དབང་པོ་སྐྱོན་ཞུགས་ཚོགས་སྡེའི་གྲངས་སུ་ འཛུལ་ཞུགས་འབད་ཡོད་པའི་གནས་ཚུལ།