འབྲུག་གི་རྒྱན་ཤོག་ཚུ་ལུ་ ད་རུང་ གནོད་ཉེན་ཡོད་པའི་བརྡ་མཚོན།

༉ གཞུང་གིས་ འབྲུག་རྒྱན་ཤོག་གི་ ཚོང་འབྲེལ་བསྐྱར་འཛུགས་འབད་དེ་ ཟླ་ངོ་༧ ལྷག་ཡོདཔ་བཞིན་དུ་ དུས་ཚོད་དེ་གི་ ནང་འཁོད་ལུ་ ཕུན་ཚོགས་གླིང་ འབྲུག་རྒྱལ་འཛིན་རྒྱན་ཤོག་ཚད་འཛིན་ཡིག་ཚང་གིས་ རྒྱན་ཤོག་གི་ རྒྱལ་ཁ་ཐོབ་མི་ཚུ་ལུ་ གསོལ་རས་དངུལ་ཀྲམ་ས་ཡ་༣༨ འཛིན་གྲོལ་འབད་ནུག།
རྒྱན་ཤོག་དེ་ཡང་ ཁག་གཉིས་སྦེ་ པར་སྐྲུན་ཐོག་ བཙོང་དོ་ཡོདཔ་ད་ སྤུན་གསུམ་ཟླ་རིམ་རྒྱན་ཤོག་གི་ ཨང་དང་པའི་གསོལ་རས་ མཐོ་ཤོས་དངུལ་ཀྲམ་ས་ཡ་༡ འབད་མི་དེ་ ད་ཚུན་གྱི་བར་ན་ དེད་གཡོགཔ་དང་ མི་སེར་ཉམ་ཆུང་ཚུ་གིས་ ཐོབ་ཡོདཔ་ལས་ ཁོང་གི་མི་ཚེ་ བསྒྱུར་བཅོས་སོང་མི་གིས་མ་ཚད་པར་ ཁྱིམ་རྐྱབ་ནི་དང་ བསྐྱིན་ཚབ་བཏབ་ནི་ལུ་ ཕན་ཐོགས་སྦོམ་བྱུང་ནུག།
འདི་བཟུམ་མའི་ གསོལ་རས་ཐོབ་མི་ལུ་བརྟེན་ མི་མང་ཤོས་ཅིག་གིས་ ཁ་རྗེའི་རྒྱན་ཤོག་ཉོ་ནི་ལུ་ སེམས་ཤུགས་དང་ སྤྲོ་བ་བསྐྱེདཔ་ཨིན་མས།
ག་འཆརཔ་ཟེར་བ་ཅིན་ རང་ལུ་ ཁ་རྗེ་ཡོད་པ་ཅིན་ གནས་གོང་དངུལ་ཀྲམ་ས་ཡ་༣ འབད་མི་ གསེར་ཀེ་ཇི་༡ འཐོབ་ནི་ཨིནམ་ལས་ དཀའཝ་སྦོམ་སྤྱད་མ་དགོ་པར་ ཚོང་རྐྱབ་ནི་གི་ ལྷན་ཐབས་སྦོམ་ འབྱུང་ནི་ཨིན་མས།
འདི་འབདཝ་ད་ ཕྱོགས་གཅིག་གི་ ཁ་ཐུག་ལས་ ཚོང་འབྲེལ་ལེགས་ཤོམ་འགྱོཝ་ད་ གཞན་གྱིས་ གོ་སྐབས་ལེན་ཐོག་ལས་ ཚུལ་མིན་འཐབ་མི་ཡང་ ཐོནམ་ཨིན་མས།
ད་རེས་ནངས་པར་ འབྲུག་རྒྱན་ཤོག་ཡིག་ཚང་དང་ སྤྱིར་བཏང་མི་མང་ལུ་ ཚ་གྱང་ལང་དགོ་པའི་ གཞི་གནད་སྦོམ་ཅིག་ལུ་ གྱུར་ཡོད་མི་དེ་ཡང་ ཁྱིམ་མཚེས་རྒྱལ་ཁབ་ རྒྱ་གར་ལུ་ མི་ལ་ལོ་ཅིག་གིས་ འབྲུག་གི་རྒྱན་ཤོག་ངོ་རྟགས་ ལག་ལེན་འཐབ་ཐོག་ལས་ ཚོང་འབྲེལ་འཐབ་མི་ ཕྱི་རྒྱལ་གྱི་ རྒྱན་ཤོག་ཡོངས་འབྲེལ་འཆར་སྒོ་༦ ཐོན་ནི་དེ་གིས་ཨིན་མས།
མ་གཞི་ ཕྱིའི་རྒྱན་ཤོག་ཚུ་གིས་ ནང་འཁོད་ཀྱི་ རྒྱན་ཤོག་དང་ གྲུབ་འབྲས་ཚུ་ལུ་ བར་ཆད་རྐྱབ་རྐྱབ་མེད་རུང་ འགྲོས་ཀྱིས་བཏང་སྟེ་ ཚུལ་མིན་འཐབ་ནི་གི་ ཉེན་ཁ་ཡོདཔ་ཨིན་མས།
འདི་འབདཝ་ལས་ ཕུན་ཚོགས་གླིང་གི་ རྒྱན་ཤོག་ཡིག་ཚང་གིས་ རྒྱ་གར་ལུ་ ཡོངས་འབྲེལ་འཆར་སྒོ་༦ གི་ཐོག་ལས་ ཚོང་འབྲེལ་འཐབ་མི་ཚུ་ བཀག་འཛིན་གནང་དགོཔ་སྦེ་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་ལུ་ ཞུ་ཡིག་བཙུགས་ནི་ཨིན་མས།
འབྲུག་གི་དཔྱེ་གཏམ་ནང་ མེ་ཆུང་ལས་བསད། དགྲ་ཆུང་ལས་བཏུལ།ཟེར་ སླབ་སྲོལ་ཡོདཔ་བཟུམ་སྦེ་ ད་ལྟོ་ དཀའ་ངལ་འགོ་བཙུགས་པའི་ ནམ་དུས་ལུ་ བཀག་ཆ་མ་འབད་བ་ཅིན་ ང་བཅས་རའི་མི་ཚུ་ ཕྱི་ནང་གི་ རྒྱན་ཤོག་ཚུ་ ངོ་ཕྱེ་མ་ཚུགས་པར་ མགུ་འཐོམ་འབྱུང་ནི་དང་ མཐར་ཐུག་ལུ་ འབྲུག་གི་རྒྱན་ཤོག་ ཚོང་འབྲེལ་ལུ་ ཐོ་ཕོག་ཉེན་འདུག།
འབྲུག་གི་རྒྱན་ཤོག་དེ་ ད་རེས་གསརཔ་ འགོ་བཙུགས་མེན་པར་ ཧེ་མ་ལས་ཡོདཔ་ཨིན་རུང་ རྒྱན་ཤོག་གི་ ཚོང་འབྲེལ་ཚུ་ རྒྱལ་ཁབ་ཀྱི་ཕྱི་ཁར་ གཡོ་སྒྱུ་ཅན་ཅིག་ལུ་ གྱུར་ཡོད་མི་ལུ་བརྟེན་ གཞུང་ལུ་ དངུལ་ཀྲམ་ཐེར་འབུམ་ལས་བཅད་དེ་ སྐུ་གྱོང་ཕོག་པའི་ཤུལ་ལས་ སྤྱི་ལོ་༢༠༡༡ ལུ་ སྒོ་བསྡམས་དགོཔ་བྱུང་ནུག།
རྒྱན་ཤོག་ཡིག་ཚང་ སྒོ་མ་བསྡམས་པའི་ཧེ་མར་ འབྲུག་རྒྱལ་ཁབ་ཀྱི་དོན་ལུ་ འོང་འབབ་བཟོ་མི་ ལས་སྡེ་སྦོམ་ཤོས་༡༠ གྱི་གྲངས་སུ་ རྒྱན་ཤོག་ཚོང་འབྲེལ་ཚུད་ཡོདཔ་ཨིན་མས།
འདི་འབདཝ་ལས་ ད་ལྟོའི་གཞུང་གིས་ སྤྱི་ལོ་༢༠༡༣ ལུ་ སྐུལ་བསྒྲགས་འབད་བའི་སྐབས་ རྒྱན་ཤོག་ལོག་གཞི་བཙུགས་འབད་ནི་གི་ ཁས་བླངས་འབད་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༦ ཟླ་༡༡ པའི་ཚེས་༣ ལུ་ སྤུན་གསུམ་ཟླ་རིམ་རྒྱན་ཤོག་དེ་ འགོ་བཙུགས་ཡོདཔ་ད་ གཞུང་གིས་ སྤྱི་ལོ་༢༠༡༨ ལས་འགོ་བཙུགས་ རྒྱན་ཤོག་ཚོང་འབྲེལ་ལས་ ལོ་བསྟར་འོང་འབབ་ དངུལ་ཀྲམ་ས་ཡ་༣༦༦ དེ་རེ་ བཟོ་ནི་གི་ དམིགས་གཏད་འབདཝ་ཨིན་མས།
ཨིན་རུང་ གོང་ལུ་ ཞུ་དོ་བཟུམ་ ཕྱིའི་རྒྱན་ཤོག་ཚུ་གིས་ གོ་སྐབས་ལེན་པ་ཅིན་ ཧེ་མ་བཟུམ་སྦེ་ རྒྱལ་ཁམས་ལུ་ དངུལ་ཀྲམ་ཐེར་འབུམ་ལས་བཅད་དེ་ སྐུ་གྱོང་ཕོག་ཉེན་ཡོདཔ་ལས་ ད་ལྟོ་ལས་ར་ ཚུལ་མིན་ཚུ་ སྔོན་འགོག་འབད་དེ་ རྒྱན་ཤོག་གི་ ཚོང་འབྲེལ་དེ་ རྒྱལ་ཁབ་ནང་འཁོད་ལུ་ར་ འཐབ་ནི་དང་ མི་མང་ལུ་ ཕྱིའི་རྒྱན་ཤོག་ཚུ་ ཉོ་ནི་ལས་ འཛེམ་དགོ་པའི་ གོ་བརྡ་སྤྲོད་དགོཔ་འདུག་ཟེར་ ཞུ་ནི་ཨིན།

About admin

Check Also

ཕྱི་ཁར་འགྱོ་མི་ འབྲུག་མི་ཚུ་གི་དོན་ལུ་ སྤྱིར་བཏང་གོ་བརྡའི་ལས་རིམ།

༉ ད་ལྟོ་ གནད་དོན་ཚུ་ཁ་གསལ་སྦེ་ མ་ཤེས་ཏེ་འབད་རུང་ འབྲུག་མི་ལེ་ཤ་ཅིག་ར་ ཨཱསི་ཊེ་ལི་ཡ་ལུ་ སྣུམ་འཁོར་ཐུག་རྐྱེན་ལུ་བརྟེན་པའི་ ཤི་རྐྱེན་བྱུང་བའི་ཁར་ ལཱ་ཁག་རྐྱབ་དོ་ཡོད་པའི་ ལོ་རྒྱུས་ཚུ་གོ་མི་དེ་ རྒྱལ་ཡོངས་ལུ་ ཚ་གྱང་ཆེ་བའི་ གནད་དོན་ཅིག་ཨིནམ་ལས་ སེལ་ཐབས་འབད་དགོཔ་འདུག། འབྲུག་མི་ཚུ་གིས་ …

Leave a Reply

Your email address will not be published. Required fields are marked *