འབྲུག་གི་ཞི་བའི་ཉེས་འཁྲི་དཔྱད་ཡིག་༢༠༢༢ ཅན་མའི་གུ་ འཕྲོ་མཐུད་གསུང་གྲོས་གནང་ནི།

༉ འབྲུག་གི་ཞི་བའི་ཉེས་འཁྲི་དཔྱད་ཡིག་༢༠༢༢ ཅན་མའི་ ལེའུ་༢ པའི་དོན་ཚན་༡༠ པ་ བག་གཡེང་ལུ་བརྟེན་པའི་ ཉེས་འཁྲིའི་གཞི་རྩ་གུ་ རྒྱལ་ཡོངས་ཚོགས་འདུ་གི་ འགྲོ་བ་མིའི་དབང་ཆ་དང་ ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་འཐུས་མི་ཚུ་གིས་ གསུང་གྲོས་གནང་མི་དེ་ སྤྱི་ཟླ་༡༡ པའི་ཚེས་༢༨ ལུ་ འཕྲོ་མཐུད་གསུང་གྲོས་གནང་ནི་ཨིན་པས།

དེ་ཡང་ སྤྱི་ཟླ་༡༡ པའི་ཚེས་༢༤ དང་༢༥ ལུ་ རྒྱལ་ཡོངས་ཚོགས་འདུའི་ འཐུས་མི་ག་ར་ ནང་འཁོད་ལྷན་འཛོམས་འཚོགས་ཏེ་ གཞི་རྩ་དེ་གུ་ གྲོས་བསྡུར་དང་ དོགས་སེལ་ཚུ་འབད་་མི་དེ་ སྤྱི་ཟླ་༡༡ པའི་ཚེས་༢༤ ལུ་ ཚོགས་བཞུགས་སྐབས་ འགྲོ་བ་མིའི་དབང་ཆ་དང་ ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་འཐུས་མི་ཚུ་གིས་ གཞི་རྩ་དེ་གུ་ དོགས་སེལ་དང་ བསམ་འཆར་བཀོད་མི་དེ་ འཐུས་མི་མང་ཤོས་ཅིག་གིས་ གོ་བ་ལེན་ནི་ལུ་ དཀའ་ངལ་ཡོདཔ་མ་ཚད་ དཀའ་ངལ་ལེ་ཤ་འཐོན་སྲིད་ནིའི་ཉེན་ཁ་ ཡོད་མི་ལུ་བརྟེན་ཨིན་པས།

ལེའུ་༢ པའི་དོན་ཚན་༡༠ པ་དེ་ བག་གཡེང་ལུ་བརྟེན་པའི་ ཉེས་འཁྲིའི་གཞི་རྩ་དེ་ཨིནམ་ད་ དེ་གི་འོག་ལས་ བམ་ཚན་༡ པ་ དྲན་སེམས་ཀྱི་འགན་ཁུར་དང་ འགན་ཁུར་ལས་འགལ་བ་དང་ སྤྱིར་བཏང་དྲན་སེམས་གནས་ཚད་ཀྱི་གཞི་རྩ་ དོན་ཚན་༡༠ པའི་ཧེ་མར་ དོན་ཚན་གསརཔ་ཅིག་ཡང་ ཚོགས་ཆུང་གིས་ བཙུགས་ཡོདཔ་ཨིན་པས།

འཐུས་མི་མང་ཤོས་ཅིག་གིས་ བསམ་འཆར་དང་ གྲོས་འདེབས་ཁག་མང་རབས་ཅིག་ཕུལ་མི་ལུ་བརྟེན་ རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན་ དབང་ཕྱུག་རྣམ་རྒྱལ་གྱིས་ ནང་འཁོད་ལྷན་འཛོམས་འཚོགས་ཏེ་ གསུང་གྲོས་གནང་ནི་ཨིན་ཟེར་ གསུངས་གནང་ཡི།

མ་གཞི་ འབྲུག་གི་ཞི་བའི་ཉེས་འཁྲི་དཔྱད་ཡིག་༢༠༢༢ ཅན་མ་དེ་ གནམ་བྱཱར་གྱི་ཚོགས་ཐེངས་ནང་ རྒྱལ་ཡོངས་ཚོགས་སྡེའི་ནང་ གསུང་གྲོས་གནང་སྟེ་ ཆ་འཇོག་འགྲུབ་ཞིནམ་ལས་ རྒྱལ་ཡོངས་ཚོགས་འདུ་ལུ་ ཕུལ་ཡོདཔ་ཨིན་པས།

འདས་པའི་ ཀུན་གསལ་གསར་ཤོག་ནང་ གསལ་སྟོན་འབད་མི་དང་འཁྲིལ་བ་ཅིན་ ཁྲིམས་བཟོ་ཚོགས་ཆུང་གི་ཁྲི་འཛིན་དང་ རྩི་རང་འཐུས་མི་ དཱན་ཀུ་མར་ སཱན་ཝར་གྱིས་ ཞི་བའི་ཉེས་འཁྲི་དཔྱད་ཡིག་༢༠༢༢ ཅན་མའི་གུ་ ངོ་སྤྲོད་ཕུལཝ་ད་འབྲེལ་ ཞི་བའི་ཉེས་འཁྲི་བཅའ་ཁྲིམས་དེ་ འཛམ་གླིང་རྒྱལ་ཁབ་ག་ཏེ་ལུ་ཡང་ ཞི་བའི་ཐོག་ལས་ ཐོབ་དབང་ དྲང་མཉམ་ཐོབ་ཐབས་ཀྱི་ ལམ་ལུགས་ཚུ་ཡོདཔ་མ་ཚད་ འཁྲུན་ཆོད་དང་འཁྲིལ་ཏེ་ རྒུད་འཐུས་སྤྲོད་པའི་ལམ་ལུགས་ཚུ་ འདུག་ཟེར་ཞུ་ཡི།

ཞི་བའི་ཉེས་འཁྲི་དང་འབྲེལ་བའི་བཅའ་ཁྲིམས་དེ་ རྒྱལ་ཁབ་ནང་ མེདཔ་མིནམ་སྦེ་ཞུ་ཡོདཔ་ད་ བཅའ་ཁྲིམས་མང་ཤོས་ཅིག་ནང་ རྒུད་འཐུས་སྤྲོད་དགོ་པའི་དོན་ཚན་ཚུ་ རེ་གཉིས་མ་གཏོགས་ ཁ་གསལ་བཀོད་དེ་མིན་འདུག་ཟེར་ཞུ་ཡི།

ཉོ་སྤྱོད་ཉེན་སྲུང་གི་བཅའ་ཁྲིམས་དང་ ལས་མི་དང་ལཱ་གཡོག་གི་བཅའ་ཁྲིམས་ འབྲུག་གི་སའི་བཅའ་ཁྲིམས་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་བཅའ་ཁྲིམས་ འ་ནི་བཟུམ་གྱི་བཅའ་ཁྲིམས་༢༦ ལྷགཔ་ཅིག་ནང་ རྒུད་འཐུས་སྤྲོད་ཐངས་ཀྱི་ལམ་ལུགས་དང་ ཞི་བའི་ཉེས་འཁྲི་དོན་ཚན་ཚུ་ ཚུད་དེ་འདུག་ཟེར་ཞུ་ཡི།

གྲོས་བསྟུན་ཞལ་འཛོམས་ཚུ་ནང་ རྒྱལ་ཡོངས་ཚོགས་སྡེའི་ཚོགས་ཁང་དང་ ས་གནས་གཞུང་ལས་ཕར་ འགོ་འདྲེན་འཐབ་ཅི་ཟེར་ཞུ་ཡི།

ཁྲི་འཛིན་གྱིས་ཞུ་མིའི་ནང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ ཁྲིམས་དོན་འགོ་དཔོན་ཚུ་དང་ གྲོས་བསྟུན་འབད་ཡོདཔ་སྦེ་ཞུ་ཡི།

འབྲུག་གི་ཞི་བའི་ཉེས་འཁྲི་དཔྱད་ཡིག་༢༠༢༢ ཅན་མའི་ནང་ ལེའུ་༡༡ པའི་དོན་ཚན་༡༨༡ ཡོདཔ་ད་ ལེའུ་༢ པ་ བག་གཡེང་ལུ་བརྟེན་པའི་ ཉེས་འཁྲིའི་གཞི་རྩ་ལུ་ བམ་ཚན་༡ པ་ལས་༡༠ ཚུན་ཡོདཔ་སྦེ་ཞུ་ནུག།

ལེའུ་༣ པ་ ཉེས་འཁྲི་ཆ་ཚད་དང་ ལེའུ་༤ པ་ མི་དམངས་དབང་འཛིན་གྱི་ཉེས་འཁྲི་ ལེའུ་༥ པ་འཛོལ་མེད་ཉེས་འཁྲི་ ལེའུ་༦ པ་ ཁག་འབགཔ་ལཱ་གཡོག་སྤྲོད་མིའི་ཉེས་འཁྲི་ལེའུ་༧ པ་ བྱིས་པ་ལོག་སྤྱོད་ལུ་བརྟེན་ གཙུག་སྡེའི་གཞན་འཛོལ་ཉེས་འཁྲི་ལེའུ་༨ པ་ བདག་གཞུང་པའི་ཉེས་འཁྲི་ལེའུ་༩ པ་ བཅོ་ཐབས་ལེའུ་༡༠ པ་ གནོད་འགེལ་དང་ཉེས་བྱ་ དེ་ལས་ ལེའུ་༡༡ པ་ གནད་དོན་སྣ་ཚོགས་སྦེ་ བཞག་སྟེ་ཡོདཔ་སྦེ་ ཁྲི་འཛིན་གྱིས་ཞུ་ནུག།

ཀུན་གསལ་གྱིས་ གནས་ཚུལ་བཀོད་མིའི་ནང་ རྒྱལ་ཡོངས་ཚོགས་སྡེའི་ ཁྱད་ལྡན་གྱི་འཐུས་མི་དང་ ཚོགས་ཆུང་ཁྲི་འཛིན་འོགམ་ ཨྱོན་ཚེ་རིང་གིས་ ཞུ་མིའི་ནང་ ཞི་བའི་ཉེས་ཁྲི་དཔྱད་ཡིག་དེ་ རྒྱལ་རབས་ཅན་གྱི་དཔྱད་ཡིག་ཨིནམ་ལས་ ཞི་གཡོགཔ་ལེགས་སྒྱུར་དང་ རྒྱལ་ཡོངས་དུས་ཆེན་༡༡༣ ལུ་ མི་དབང་མཆོག་གིས་ བཀའ་སློབ་གནང་མི་དང་ རྒྱལ་ཡོངས་དུས་ཆེན་༡༡༤ པའི་ནང་ ལས་གཡོགཔ་ཚུ་ལུ་ ངར་དགོ་པའི་སྐོར་ ཐུགས་ཀྱི་ཚ་གྱང་གསུངས་གནང་མི་དང་འཁྲིལ་ ཁྲིམས་བརྩམ་ནིའི་གོ་སྐབས་ཐོབ་མི་ལུ་ དཔའ་ཉམས་དང་ བློ་སྟོབས་ དེ་ལས་ བརྩོན་ཤུགས་ཐོབ་ཅི་ཟེར་ཞུ་ནུག།

དཔྱད་ཡིག་དེ་ ཁྲིམས་གཞན་དང་མ་འདྲ་བའི་ དཔྱད་ཡིག་ཅིག་ཨིན་ཟེར་ཞུ་ཡོདཔ་ད་ དེ་ཡང་ གཞུང་བགོ་བཀྲམ་འབད་བའི་དཔྱད་ཡིག་དང་ གཞུང་གི་དབང་ཚད་ ལྷན་ཁག་དང་ལས་ཁུངས་ཀྱི་བར་ན་ བགོ་བཤའ་རྐྱབ་ནིའི་དཔྱད་ཡིག་དང་ ཡང་ཅིན་ ངན་ལྷད་འབད་མི་ལུ་ ཁྲིམས་བཀལ་ནིའི་དཔྱད་ཡིག་མེན་ དེ་ཡང་ དཔྱད་ཡིག་དེ་ མི་སེར་ཁོ་ན་དང་ ཉམས་རྒུདཔ་ཚུ་ལུ་ ཕན་ཐོགས་པའི་ཁྲིམས་ལུགས་ཅིག་ཨིན་ཟེར་ ཞུ་ནུག།

མི་ཅིག་གིས་ ངན་ལྷད་འབད་མི་དང་ ཡང་ཅིན་ གཞུང་གི་འགོ་དཔོན་ཅིག་གིས་ ཞི་བའི་འཛོལ་བའི་ལཱ་འབད་དེ་ མིའི་ཚེ་སྲོག་ལུ་ ཤི་རྐྱེན་དང་ ལུས་རྟེན་ལུ་ གནོད་སྐྱོན་ཚབས་ཆེན་ རྒྱུ་དངོས་ལུ་ ཉམས་ཆག་དང་གྱོང་རྒུད་ཕོག་པའི་སྐབས་ མི་རབས་ལས་བཅད་དེ་ དཀའ་སྡུག་མྱོང་མ་དགོ་པར་ རྒུད་འཐུས་ཚུ་ འཐོབ་པའི་ལམ་ལུགས་ཐོག་ རྒྱབ་སྐྱོར་དང་ གྲོགས་རམ་འབད་མིའི་ ཁྲིམས་ལུགས་ཅིག་ཨིན་ཟེར་ ཞུ་ནུག།

ཁྱད་ལྡན་གྱིས་ དཔེ་སྦེ་ཞུ་མིའི་ནང་ གཞུང་གི་དབང་ཚད་ཅན་གྱི་ འགོ་དཔོན་ཚུ་གིས་ དབང་ཚད་ལོག་སྤྱོད་དང་ ཡང་ཅིན་ འགན་འཁྲི་འབག་སྟེ་ འཐུས་ཤོར་བྱུང་མི་ལུ་བརྟེན་ མིའི་ལུས་རྟེན་ལུ་བར་ཆད་དང་ རྒྱུ་དངོས་ལུ་གྱོང་རྒུད་ཕོག་པའི་སྐབས་ ཧེ་མ་བཟུམ་སྦེ་ གཞུང་གི་འགོ་དཔོན་ཨིན་ཟེར་ དྲང་བདེན་འཐོབ་ནིའི་དོན་ལུ་ རྩོད་བཤེར་ཕྱིར་འབུད་རྐྱབ་སྟེ་ སྡུག་བསྔལ་གྱི་ངང་ལུ་སྡོད་མ་དགོ་པར་ ལམ་ལུགས་དེ་གིས་ འགན་འཁྲི་བཀལ་ཏེ་ ཉམས་རྒུད་ལུ་ཕོག་པའི་ རྒུད་འཐུས་ཚུ་ འབོར་ཆེ་ཏོག་ཏོ་སྦེ་ ལེན་ཞིནམ་ལས་ སྤྲོད་དགོ་པའི་ཁྲིམས་ལུགས་ཨིན་ཟེར་ཞུ་ཡི།

དེ་བཟུམ་སྦེ་ གསོ་བའི་མཁས་མཆོག་ཅིག་གིས་ དྲན་སེམས་བཀལ་ཏེ་ ལཱ་མ་འབད་བར་ ནད་པའི་ཕོཝ་གཤག་བཅོས་འབད་དེ་ ལོག་བཙེམ་པའི་སྐབས་ ཁ་ཤ་དང་ དྲ་དུམ་ཚུ་སྦྲགས་ཏེ་ བཙེམ་པའི་ཤུལ་ལས་ ཤི་རྐྱེན་འབྱུང་ནི་དང་ ཡང་ཅིན་ སྨན་དང་ཁབ་འཛོལ་ཏེ་བྱིན་མི་ལུ་བརྟེན་ རྐྱེན་ངན་བྱུང་པའི་སྐབས་ ཁྲིམས་མེད་ནི་དེ་གིས་ སྡུག་བསྔལ་ངང་ལུ་སྡོད་མ་དགོ་པར་ གསོ་བའི་ཁྱད་རིགཔ་ལུ་ འགན་འཁྲི་བཀལ་ཏེ་ རྒུད་འཐུས་འབོར་ཆེ་ཏོག་ཏོ་ལེན་ཏེ་ སྤྲོད་དགོ་པའི་ ཁྲིམས་ལུགས་ཅིག་ཨིན་ཟེར་ཞུ་ཡི།

མི་མང་དབང་འཛིན་ཚུ་གིས་ ཁག་འབགཔ་ལུ་ ལཱ་སྤྲོདཔ་ད་ ལྕོགས་གྲུབ་ལྡན་པའི་ ཁག་འབགཔ་ལུ་མ་སྤྲོད་པར་ གཞན་མི་ཅིག་ལུ་ ངན་ལྷད་དབང་དུ་ཐལ་ཏེ་ ཧེ་མ་ལས་ དབྱེ་ཞིབ་མ་འབད་བར་ ལཱ་གི་གྲུབ་འབྲས་ཚུ་ སྤུས་ཚད་དང་ལྡནམ་སྦེ་ ཡོད་མེད་ལྟ་རྟོག་མ་འབད་བར་ ལཱ་གི་ས་ཁོངས་ནང་ ཉེན་སྲུང་དང་ལྡནམ་ཡོད་མེད་ བརྟག་དཔྱད་མ་འབད་བར་ ཤུལ་ལས་ མི་མང་གི་རྒྱུ་དངོས་ཆུད་ཟད་དང་ མི་ལུ་ཤི་རྐྱེན་ དེ་ལས་ རྐྱེན་ངན་ཚབས་ཆེན་འབྱུང་པའི་སྐབས་ འབད་ནི་བཅའ་ནིའི་ ལམ་ལུགས་ག་ནི་མེདཔ་ད་ མི་ལུ་ དཀའ་སྡུག་མྱོང་མི་དེ་ ད་ལས་ཕར་ འབྲུག་གི་ཞི་བའི་ཉེས་འཁྲི་དཔྱད་ཡིག་དེ་གིས་ དྲང་བདེན་སྨིན་ཚུགས་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

གསོ་རིག་གཙུག་ལག་སློབ་སྡེའི་ ལྕོགས་གྲུབ་གོང་འཕེལ་གཏང་ནི་ལུ་ གོ་བརྡའི་ཆིངས་ཡིག་གུ་ མཚན་རྟགས་བཀོད་ཡོདཔ།

༉ སྤྱི་ཟླ་༡ པའི་ཚེས་༣༠ ལུ་ གསོ་བའི་ཤེས་ཡོན་ལས་རིམ་ ཡར་དྲག་གཏང་ནི་ནང་ གསོ་བ་ལྷན་ཁག་དང་ གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་༢ མཉམ་འབྲེལ་གོང་འཕེལ་གཏང་ནིའི་དོན་ལུ་ གོ་བརྡའི་ཆིངས་ཡིག་ཅིག་གུ་ མཚན་རྟགས་བཀོད་ཡོདཔ་ཨིན་པས། གོ་བརྡའི་ཆིངས་ཡིག་ཅིག་གི་ དམིགས་ཡུལ་དེ་ཡང་ གསོ་བའི་ལས་བྱེདཔ་ཚུ་ལུ་ འཇོན་ཐངས་ཅན་དང་ …

Leave a Reply

Your email address will not be published. Required fields are marked *