འབྲུག་གི་མདའ་རྩེདཔ་ཀརྨ་གིས་ རྒྱ་གར་གྱི་མདའ་རྩེདཔ་ དི་པི་ཀ་ཀུ་མ་རི་དང་ རྩེད་འགྲན་འབད་ནི།

༉ འབྲུག་གི་མདའ་རྩེདཔ་ཀརྨ་གིས་ ད་རེས་ ཇ་པཱན་ལུ་སྦེ་ འགོ་འདྲེན་འཐབ་མི་ ཨོ་ལིམ་པིག་རྩེད་འགྲན་ནང་ གྲལ་གཏོགས་འབད་དོ་ཡོདཔ་བཞིན་དུ་ མོ་གིས་ སྤྱི་ཟླ་༧ པའི་ཚེས་༢༨ ལུ་ རྒྱ་གར་གྱི་མདའ་རྩེདཔ་ དི་པི་ཀ་ ཀུ་མ་རི་དང་ དོ་འགྲན་འབད་ནི་ཨིན་པས།

འདས་པའི་རེས་གཟའ་སྤེན་པ་ལུ་ གོ་རིམ་གྱི་ འགྲན་བསྡུར་ཅིག་ འགོ་འདྲེན་འཐབ་པའི་སྐབས་ ཀརྨ་གིས་ སྐུགས་༦༡༦ ཐོབ་སྟེ་ ཨང་༥༦ པ་ ཐོན་ཡོདཔ་ད་ དི་པི་ཀ་གིས་ སྐུགས་༦༦༣ ཐོབ་སྟེ་ ཨང་༩ པ་ཐོན་ནུག།

ཀརྨ་གིས་ མོ་ར་ ཨོ་ལིམ་པིག་ནང་ བཅའ་མར་གཏོགས་གཏོགས་ནིའི་ གོ་སྐབས་ཐོབ་མི་ལས་འགོ་བཙུགས་ ད་ལྟོ་ཚུན་ ཉིན་བསྟར་བཞིན་དུ་ ལུས་སེམས་གཉིས་ཆ་རའི་སྒོ་ལས་ སྤྱོང་བརྡར་འབད་བཞིན་དུ་ སྡོད་ཡི་ཟེར་སླབ་ཡོདཔ་ད་ གོ་སྐབས་ཐོབ་མི་དེ་གིས་ མོ་ལུ་ སེམས་ཤུགས་ཡང་ སྦོམ་སྦེ་ར་ ཐོབ་ཅི་ཟེར་ཨིན་པས།

ཀརྨ་དེ་ ད་ལྟོ་ཚུན་ ཨོ་ལིམ་པིག་ནང་ རང་གིས་ལྕོགས་གྲུབ་བཏོན་ཏེ་ བཅའ་མར་གཏོགས་ནིའི་ གོ་སྐབས་ཐོབ་མི་ འབྲུག་པའི་ལུས་རྩལཔ་ དང་པ་ཨིནམ་ད་ མ་གཞི་ ཧེ་མ་ཡང་ ལེ་ཤ་ཅིག་གིས་ གྲལ་གཏོགས་འབད་ཡོདཔ་ཨིན་རུང་ དེ་ཚུ་ ཨོ་ལིམ་པིག་གིས་སྦེ་ རྒྱལ་ཁབ་ཆུང་ཀུ་ཚུ་ལུ་ གོ་སྐབས་བྱིན་མི་ལུ་བརྟེན་ཏེ་ཨིན་པས།

ཨིན་རུང་ ཀརྨ་གིས་ སྤྱི་ལོ་༢༠༡༦ ལུ་ རི་བོ་གི་ རྩེད་འགྲན་ནང་ཡང་ བཅའ་མར་གཏོགས་ཡོདཔ་ལས་ ཨོ་ལིམ་པིག་ནང་ བཅའ་མར་གཏོགས་ནི་དེ་ འགོ་དང་པ་མེནམ་ད་ རི་བོ་ལུ་ འབྲུག་གི་དོན་ལུ་ རྒྱལ་དར་འབག་མི་འབད་ཡང་ ཕྱག་ཞུ་ཡོདཔ་ཨིན་པས།

སྐྱེས་ལོ་༣༡ ལང་མི་ ཀརྨ་གིས་སླབ་མིའི་ནང་ ལུས་རྩལཔ་ག་གིས་འབད་རུང་ འགྲན་བསྡུར་གྱི་ས་ཁོངས་ མཐོ་ཤོས་དེ་ནང་ ལྷོད་ཚུགས་ནི་ལུ་ རེ་བ་བསྐྱེད་དོ་ཡོདཔ་བཞིན་དུ་ མོ་ར་ཡང་ དེ་ནང་ལྷོད་ཚུགས་ནི་དེ་གིས་ སེམས་དགའ་ཡི་ཟེར་ བཤད་ཡོདཔ་ཨིན་པས།

འབྲུག་ལས་ ཨོ་ལིམ་པིག་ནང་ དོ་འགྲན་འབད་མི་༤ སོང་མིའི་གྲས་ལས་ ཇུ་དོ་རྩེད་མི་དང་ མི་ཌར་༡༠ ལས་ཀྲོབ་མདའ་རྐྱབ་མི་༢ འགྲན་བསྡུར་ནང་ལས་ ཕྱིར་ཐོན་སོང་ཡོདཔ་ཨིན་པས།

དེ་ཡང་ ཇུ་དོ་རྩེད་འགྲན་པ་ ངག་དབང་རྣམ་རྒྱལ་དེ་ ཊར་ཀི་ལས་ མི་རཱག་ཨ་ཀུསི་གིས་ ཕམ་ཡོདཔ་ད་ ཀྲོབ་མདའ་ཚ་གཏད་མི་ ལེན་ཅུ་ཀུན་བཟང་གིས་ འགྲན་བསྡུར་གྱི་དོན་ལུ་ བཙག་འཐུ་འབད་བའི་སྐབས་ དྲག་ཤོས་༨ པའི་ནང་ ཚུད་མ་ཚུགས་པར་ ཕམ་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ རྩལ་རྐྱབ་ནིའི་ནང་ དོ་འགྲན་འབད་མི་དེ་ ད་ལྟོ་ འགྲན་བསྡུར་མ་འབད་བར་ ཡོདཔ་ཨིན་པས།

ཡོངས་གྲགས་ལུ་ ཊོ་ཀི་འོ་ཨོ་ལིམ་པིགསི་ཟེར་མི་ རྩེད་འགྲན་དེ་ སྤྱི་ཟླ་༧ པའི་ཚེས་༢༣ ལས་ འགོ་བཙུགས་ཡོདཔ་བཞིན་དུ་ སྤྱི་ཟླ་༨ པའི་ཚེས་༨ ལུ་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *