འབྲུག་གི་བརྡ་དོན་དང་བརྡ་བརྒྱུད་དཔྱད་ཡིག་༢༠༡༦ ཅན་མ་ ཆ་འཇོག་གྲུབ་ཡོདཔ།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུ་གིས་ འབྲུག་གི་བརྡ་དོན་དང་བརྡ་བརྒྱུད་དཔྱད་ཡིག་༢༠༡༦ ཅན་མ་དེ་ ཆ་འཇོག་གྲུབ་ཡོདཔ་བཞིན་དུ་ གསུང་གྲོས་ཀྱི་དོན་ལུ་ རྒྱལ་ཡོངས་ཚོགས་སྡེ་ལུ་ གཏང་ནི་ཨིན་པས།

དཔྱད་ཡིག་དེ་ཡང་ ཚོགས་ཁང་ནང་འཐུས་མི་བསྡོམས་༤༡ ཡོད་ས་ལས་ འཐུས་མི་༤༠ གིས་ དགོ་ཟེར་བའི་ ཚོགས་རྒྱན་བཙུགས་ཏེ་་ ཆ་འཇོག་གྲུབ་ཡོདཔ་ད་ དཔྱད་ཡིག་དེ་ ཚོགས་ཁང་༢ ཆ་ར་གིས་ ཆ་འཇོག་འགྲུབ་པ་ཅིན་ འབྲུག་གི་བརྡ་དོན་དང་བརྡ་བརྒྱུད་དཔྱད་ཡིག་༢༠༠༦ ཅན་མ་དེ་ རང་བཞིན་གྱིས་ ཆ་མེད་འགྱོ་ནི་ཨིན་པས།
རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན་ འཇིགས་མེད་བཟང་པོ་གིས་ དཔྱད་ཡིག་དེ་གིས་ རྒྱལ་ཁབ་ཀྱི་ བརྡ་བརྒྱུད་ལས་ཁང་ཚུ་ནང་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་ཚུགས་པའི་ རེ་བ་ཡོད་ཟེར་ གསུངས་ཡི།
དཔྱད་ཡིག་ནང་ གློག་བརྙན་ལྷན་ཚོགས་ གཞི་བཙུགས་འབད་དགོཔ་ཡོད་རུང་ ཚོགས་ཁང་གིས་ ལྷན་ཚོགས་མེན་པར་ གློག་བརྙན་ཚོགས་སྡེ་ལུ་ བསྒྱུར་བཅོས་འབད་ཡི།
གཞུང་གིས་འབད་བ་ཅིན་ ད་རེས་ བརྒྱུད་འབྲེལ་ལྷན་ཁག་དང་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་གཉིས་ཀྱི་ འགན་ཁུར་དེ་ མགུ་འཐོམ་སི་སི་ཡོདཔ་ལས་ དཔྱད་ཡིག་དེ་གིས་ སེལ་ཐབས་འབད་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
དཔྱད་ཡིག་གི་དམིགས་ཡུལ་དེ་ཡང་ རང་དབང་གཙུག་སྡེ་ཅིག་སྦེ་ ལག་ལེན་འཐབ་ནི་ཨིན་པས།
དཔྱད་ཡིག་དང་འཁྲིལཝ་ད་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་དེ་ ཁྲི་འཛིན་གྱིས་ དབང་ནི་ཨིནམ་ད་ ཁྲི་འཛིན་དེ་ཡང་ བརྒྱུད་འབྲེལ་ལྷན་ཁག་གིས་ ཞི་གཡོགཔ་གོངམ་ཅིག་ རྒྱབ་སྣོན་འབད་ཐོག་ལས་ ལྷན་རྒྱས་གཞུང་ཚོགས་ཀྱིས་ བསྐོ་བཞག་གནང་ནི་ཨིན་པས།
དབང་འཛིན་གྱིས་ གྲོས་ཐག་གཅད་ནིའི་འགན་དབང་ནང་ ཁྲི་འཛིན་དང་ ཞི་གཡོགཔ་༣ དེ་ལས་ སྒེར་སྡེ་ལས་འཐུས་མི་༡ འོང་དགོཔ་ཨིནམ་ད་ དཔྱད་ཡིག་ནང་ རང་དབང་ཅན་གྱི་གཙུག་སྡེ་དེ་ བརྡ་བརྒྱུད་ཚོགས་སྡེ་སྦེ་ཡང་ འབོ་ནི་ཨིནམ་བཞིན་དུ་ ཚོགས་སྡེ་གིས་ བརྡ་བརྒྱུད་ཚུ་གི་ རང་དབང་ཡར་དྲག་གཏང་ནི་དང་ སྲུང་སྐྱོབ་ལུ་དམིགས་ཏེ་ གཞི་བཙུགས་འབད་ནི་ཨིན་པས།
དེ་ལས་ ཚོགས་སྡེ་གིས་ གནས་ཚད་བཟོ་ནིའི་གཙུག་སྡེ་ཅིག་སྦེ་ ལག་ལེན་འཐབ་ནི་ཨིནམ་མ་ཚད་ བརྡ་བརྒྱུད་དང་འབྲེལ་བའི་གནད་དོན་ཚུ་ ཁྲིམས་མཐུན་བཟོ་ནི་ཨིན་པའི་ཁར་ ཁྲིམས་འགལ་མེད་པའི་ཉོགས་བཤད་ཚུ་ བདེ་སྒྲིག་འབད་ནི་ཨིན་པས།
དེ་བཟུམ་སྦེ་ དཔྱད་ཡིག་དེ་གིས་ མི་སྡེ་ནང་ འབྲུག་པའི་བརྡ་དོན་ཚུ་ ཡར་དྲག་གཏང་ནི་དང་ རྒྱལ་ཁབ་ཀྱི་ བརྡ་བརྒྱུད་དང་ བརྡ་དོན་འཕྲུལ་རིག་ལས་སྡེ་ཚུ་ གོང་འཕེལ་འགྱོ་མིའི་ནང་ གནས་སྟངས་ཀྱི་དབང་ཆ་ཚུ་ བྱིན་ཚུགས་ནི་ཨིན་པས།
གཞུང་གིས་འབད་བ་ཅིན་ གལ་སྲིད་ དཔྱད་ཡིག་དེ་ ཆ་འཇོག་འགྲུབ་པ་ཅིན་ གཅིག་ཁར་བསྡུ་ནི་དང་ གསར་གཏོད་ དེ་ལས་ སྒེར་སྡེ་ཚུ་གིས་ བཅའ་མར་གཏོགས་ཚུགས་པའི་ཁར་ བརྡ་དོན་འཕྲུལ་རིག་དང་ བརྡ་བརྒྱུད་གོང་འཕེལ་གཏང་ནི་ལུ་ཡང་ དོ་འགྲན་ཅན་འགྱོ་འོང་ཟེར་ཨིན་པས།
དཔྱད་ཡིག་གི་ཐོག་ལུ་ གསུང་གྲོས་གནང་པའི་སྐབས་ བརྒྱུད་འབྲེལ་བློན་པོ་ ཌི་ཨེན་ དུང་གེལ་གྱིས་ ཞུ་མིའི་ནང་ དཔྱད་ཡིག་དེ་གིས་ དབང་འཛིན་གྱི་ ལྕོགས་གྲུབ་ཡར་དྲག་གཏང་ཐོག་ལས་ བརྡ་དོན་འཕྲུལ་རིག་དང་ བརྡ་བརྒྱུད་ལས་སྡེ་ཚུ་ དོན་སྨིན་ཅན་དང་ ཁྲིམས་མཐུན་བཟོ་ཚུགསཔ་མ་ཚད་ གཞུང་དང་ དབང་འཛིན་གྱི་འགན་ཁུར་ཚུ་ཡང་ དྭངས་གསལ་འགྱོ་འོང་ཟེར་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ཆུ་ཁ་རྫོང་ཁག་གི་ འདེམས་ངོ་ཚུ་གིས་ ཁྲིམས་ལུགས་དང་ སྲིད་བྱུས་ཚུ་ བསྐྱར་ཞིབ་འབད་ནི་ལུ་ གཙོ་བོར་བཏོན་ཡོདཔ།

༉ ཆུ་ཁ་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་སྦེ་ དོ་འགྲན་འབད་མི་ འདེམས་ངོ་༤ པོ་ཆ་ར་གིས་ རྒྱལ་ཁབ་ཀྱི་ ཁྲིམས་ལུགས་དང་ སྲིད་བྱུས་ སྒྲིག་གཞི་ཚུ་ རྒྱལ་ཁབ་དང་མི་སེར་ལུ་ དགོས་མཁོ་ཡོད་མེད་དང་ ཕན་ཐོགས་ཡོད་མེད་ཀྱི་ ཞིབ་དཔྱད་འབད་ཞིནམ་ལས་ བསྐྱར་ཞིབ་འབད་ནི་ལུ་ …

Leave a Reply

Your email address will not be published. Required fields are marked *