འབྲུག་གི་དངུལ་ཁང་གི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ པདྨ་ན་དིག་གིས་ ཡེ་ཤེས་ལྷ་མོ་ལུ་ སྐྱེད་མེད་པའི་སྐྱིན་འགྲུལ་དངུལ་ཀྲམ་༥༠༠,༠༠༠ བྱིན་པའི་བསྒང་།

འབྲུག་གི་དངུལ་ཁང་གིས་ ཚོང་ལཱ་ཐབས་རིག་དྲག་ཤོས་བཏོན་མི་ལུ་ སྐྱེད་མེད་པའི་སྐྱིན་འགྲུལ་བྱིན་ཡོདཔ།

༉ སྤྱི་ཟླ་༡༡ པའི་ཚེས་༢༨ ལུ་ འབྲུག་གི་དངུལ་ཁང་གིས་ ཚོང་ལཱ་ཐབས་རིག་བཏོན་མི་ ན་གཞོན་༥༠ གི་གྲས་ལས་ ཨང་དང་པ་ཐོན་མི་ ཡེ་ཤེས་ལྷ་མོ་ལུ་ འབྲུག་གི་དངུལ་ཁང་གི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ པདྨ་ན་དིག་གིས་ སྐྱེད་མེད་པའི་སྐྱིན་འགྲུལ་དངུལ་ཀྲམ་༥༠༠,༠༠༠ བྱིན་ཡོདཔ་ཨིན་པས།
དེ་ཡང་ འབྲུག་དངུལ་ཁང་གིས་ སྤྱི་ཟླ་༦ པའི་ནང་ འབྲུག་གི་དངུལ་ཁང་ མི་ལོ་༥༠ འཁོར་བའི་དུས་སྟོན་བརྩི་སྲུང་འབདཝ་དང་འབྲེལ་ ན་གཞོན་ཚུ་ལུ་ ཚོང་ལཱ་གི་སྦྱོང་བརྡར་བྱིན་མིའི་གྲས་ལས་ གདམ་ཁ་རྐྱབ་ཡོདཔ་ཨིན་པས།
འབྲུག་དངུལ་ཁང་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ དུས་ཅི་ དུས་སྟོན་བརྩི་སྲུང་དང་འབྲེལ་ ན་གཞོན་ཚུ་ལུ་ ཚོང་ལཱ་འབད་ནིའི་སྐོར་ལས་ སྦྱོང་བརྡར་ལས་རིམ་ཅིག་ འགོ་འདྲེན་འཐབ་ཡོདཔ་ད་ དེ་བསྒང་ ཚོང་ལཱ་གི་གྲོས་འཆར་ཚུ་བཙུགས་ནིའི་ གོ་སྐབས་བྱིན་ཡི་ཟེར་ཨིན་པས།
བཀོད་ཁྱབ་འགོ་དཔོན་གྱིས་ སླབ་མིའི་ནང་ ལས་རིམ་དེ་ ན་གཞོན་ཚུ་ ཚོང་ལཱ་འབད་ནི་ལུ་ སེམས་ཤུགས་བྱིན་ཐབས་དང་ ལཱ་གཡོག་གི་གོ་སྐབས་ བཟོ་ནིའི་དོན་ལུ་ཨིན་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཧུམ་འཕུར་རྐྱབ་ནིའི་ཚོང་ལཱ་དེ་ ཚོང་འབྲེལ་ལེགས་ཤོམ་འགྱོ་ནིའི་ལུ་ འོས་འབབ་འདུག་ཟེར་ཨིནམ་ད་ ཚོང་ལཱ་དེ་ ལེགས་ཤོམ་འགྱོ་བ་ཅིན་ ན་གཞོན་ཚུ་གི་ དཔེ་བལྟ་ས་ཅིག་ལུ་ འགྱུར་འོང་ཟེར་ཨིན་པས།
ཚོང་ལཱ་ཐབས་རིག་དྲག་ཤོས་ཐོན་མི་ ཡེ་ཤེས་ལྷ་མོ་གིས་ སླབ་མིའི་ནང་ ཧུམ་འཕུར་རྐྱབ་ནིའི་ཚོང་ལཱ་དེ་ ག་ཏེ་ཡང་ཡོདཔ་ལས་ གདོང་ལན་འདུག་ཟེར་ཨིནམ་ད་ ཚོང་རྐྱབ་དགོ་པ་ཅིན་ རང་སོའི་ ཚོང་ལཱ་གི་ཐབས་ཤེས་དེ་ མ་འདྲཝ་ཅིག་དགོ་པས་ཟེར་ཨིན་པས།
ཚོང་རྐྱབ་ནིའི་དོན་ལུ་ དངུལ་ཁང་ཚུ་ལས་ སྐྱིན་འགྲུལ་འཐོབ་ནི་དེ་ ལཱ་ཁག་འདུག་ཟེར་ མོ་གིས་བཤད་པའི་ཁར་ མོ་རའི་ཚོང་ལཱ་དེ་ སྒོ་བཤལ་རྐྱབ་སྟེ་ ཞབས་ཏོག་བྱིན་ནི་ཨིནམ་ད་ འབྲུག་གི་དངུལ་ཁང་གིས་ སྐྱེད་མེད་པའི་སྐྱིན་འགྲུལ་བྱིན་མི་དེ་གིས་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ ཚོང་ལཱ་འབད་དགོ་པ་ཅིན་ རང་ལུ་བརྩོན་ཤུགས་དེ་ར་ ཁག་ཆེ་བས་ཟེར་ཨིནམ་ད་ མོ་གི་ཚོང་ལཱ་དེ་ ཧེ་མ་ལས་ འགོ་བཙུགས་ཡོདཔ་བཞིན་དུ་ ལྟ་བཤལཔ་འོང་བའི་དུས་ཚོད་ལུ་ འོང་འབབ་དངུལ་ཀྲམ་༡༥༠,༠༠༠ དེ་ཅིག་ བཟོ་ཚུགས་པས་ཟེར་ཨིནམ་ད་ ལྟ་བཤལ་མེན་པའི་དུས་ཚོད་ནང་ འོང་འབབ་དངུལ་ཀྲམ་༧༠,༠༠༠ དེ་ཅིག་ལས་བརྒལ་ བཟོ་མི་ཚུགས་པས་ཟེར་ཨིན་པས།
འབྲུག་གི་དངུལ་ཁང་གི་ ཚོང་འབྲེལ་ཐབས་རིག་དང་ ཚོང་ལཱ་ག་དེ་སྦེ་ འཐབ་ནི་ཨིན་ནའི་དོན་ལུ་ ན་གཞོན་༥༠ དེ་ཅིག་ལུ་ སྦྱོང་བརྡར་བྱིན་ཡོདཔ་ད་ དེ་བསྒང་ གྲོས་འཆར་ཡི་གུ་འབྲི་ཐངས་ཚུ་གི་ སྦྱོང་བརྡར་ཡང་ བྱིན་ཡོདཔ་ཨིན་པས།
འབྲུག་གི་དངུལ་ཁང་གི་ གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལཝ་ད་ སྦྱོང་བརྡར་ནང་ ན་གཞོན་ཚུ་ལས་ ཚོང་ལཱ་རྐྱབ་པའི་ གདོང་ལེན་གྱི་སྐོར་ལས་ བསམ་འཆར་ཚུ་ལུ་ གྲོས་བསྡུར་འབད་ཡི་ཟེར་ཨིནམ་ད་ ཚོང་ལཱ་ལུ་བརྟེན་ཏེ་ རང་མགོ་རང་འདྲོངས་ག་དེ་སྦེ་ སྡོད་ནི་ཨིན་ན་ཡང་ གྲོས་བསྡུར་འབད་ཡི་ཟེར་ཨིན་པས།
བཀོད་ཁྱབ་གཙོ་འཛིན་འགོ་དཔོན་གྱིས་ སླབ་མིའི་ནང་ འབྲུག་ལྟ་བཤལ་ལམ་སྟོན་ཚོགས་སྡེ་གིས་ ཞུ་བ་འབད་མི་དང་འཁྲིལ་ ཚོགས་སྡེ་ལུ་ འབྲུག་གི་བྱ་རིགས་སྐོར་ལས་ དཔེ་དེབ་༤༠༠ གྲོགས་རམ་བྱིན་དོ་ཟེར་ཨིནམ་ད་ དཔེ་དེབ་དེ་གིས་ ལྟ་བཤལ་ལམ་སྟོན་པ་ལུ་ ཕན་ཐོགས་འབྱུང་འོང་ཟེར་ཨིན་པས།
འབྲུག་ལྟ་བཤལ་ལམ་སྟོན་ཚོགས་སྡེའི་ཁྲི་འཛིན་ ལྷཔ་རྡོ་རྗེ་གིས་ སླབ་མིའི་ནང་ འཛམ་གླིང་ནང་ འབྲུག་རྒྱལ་ཁབ་འདི་ བྱ་རིགས་ཚང་པའི་ རྒྱལ་ཁབ་ངོ་མ་ཅིག་འབདཝ་ལས་ ལྟ་བཤལཔ་ཚུ་གིས་ དྲི་བ་རེ་བཀོད་པ་ཅིན་ བྱ་རིགས་ཀྱི་སྐོར་ལས་ བཤད་པ་རྐྱབ་ཚུགས་ནི་མས་ཟེར་ཨིནམ་ད་ ལྟ་བཤལ་ལམ་སྟོན་པ་ལུ་ བྱའི་ཤེས་ཡོན་ཡོད་པ་ཅིན་ དྲག་ཤོས་ཅིག་སྦེ་ བརྩི་དོ་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ དཔེ་དེབ་དེ་གིས་ བྱ་རིགས་ལྟ་བཤལ་ལམ་སྟོན་པ་རྐྱངམ་གཅིག་མེན་པར་ གཞན་ལྟ་བཤལ་ལམ་སྟོན་པ་ག་ར་ལུ་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིནམ་ད་ དཔེ་དེབ་དེ་ ལྟ་བཤལཔ་ག་ར་ལུ་ བགོ་བཀྲམ་འབད་འོང་ཟེར་ཨིན་པས།
འབྲུག་གི་དངུལ་ཁང་གིས་ སང་ཕོད་སྤྱི་ཟླ་༣ པ་ལས་ ལུང་ཕྱོགས་ཀྱི་ས་གནས་ཚུ་ནང་ ཚོང་ལཱ་གི་ སྦྱོང་བརྡར་བྱིན་འོང་ཟེར་ཨིནམ་ད་ དེ་ཡང་ ན་གཞོན་ཚུ་ ཚོང་ལཱ་ལུ་ སེམས་ཤུགས་བྱིན་ཐབས་ལུ་ཨིན་ཟེར་ ཨིན་པའི་གནས་ཚུལ།

About admin

Check Also

སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོདཔ།

༉ སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོད་མི་དེ་ལུ་ ཐིམ་ཕུག་ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་ཤུལ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ སྙན་ཞུ་འབད་མི་དེ་ ད་རེས་ནངས་པར་ ཁྲིམས་འདུན་ལུ་ རྩོད་བཤེར་འབད་བའི་བསྒང་ཨིན་པས། དེ་ཡང་ བུམོ་ཅིག་གིས་ སྤྱི་ལོ་༢༠༢༢ …

Leave a Reply

Your email address will not be published. Required fields are marked *