འབྲུག་གི་དངུལ་ཁང་གིས་ གཙོ་རིམ་ལས་སྡེ་སྐྱིན་འགྲུལ་བྱིན་ནི་ འགོ་བཙུགས་ཡོདཔ།

༉ འབྲུག་གི་དངུལ་ཁང་གིས་ གཙོ་རིམ་ལས་སྡེ་སྐྱིན་འགྲུལ་ བྱིན་ནིའི་ལཱ་ཚུ་ འགོ་བཙུགས་མི་དང་བསྟུན་ དབང་འདུས་ཕོ་བྲང་ སྦྱེ་ནག་རྒེད་འོག་ལས་ སོ་ནམ་པ་ཅིག་ལུ་ ཀེ་བ་འཛུགས་སྐྱོང་གི་ ལཱ་འབད་ནིའི་དོན་ལུ་ དངུལ་ཀྲམ་༥༠༠,༠༠༠ སྐྱིན་འགྲུལ་བྱིན་ཡོདཔ་ཨིན་པས།
འབྲུག་གི་དངུལ་ཁང་གིས་ གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལ་བ་ཅིན་ སྐྱིན་འགྲུལ་ལས་རིམ་ལུ་བརྟེན་ འབྲུག་མི་ན་གཞོན་ཚུ་གིས་ སོ་ནམ་ལས་སྡེ་དང་འབྲེལ་བའི་ལཱ་ཚུ་ཡང་ སྤྲོ་བ་བསྐྱེད་དེ་ མི་སྡེ་དཔལ་འབྱོར་གོང་འཕེལ་གཏང་ནི་ལུ་ ཕན་ཐོགས་འབྱུང་བའི་རེ་བ་ཡོད་ཟེར་ཨིན་པས།
གནས་ཚུལ་གསར་བཏོན་དང་འཁྲིལ་བ་ཅིན་ གཙོ་རིམ་ལས་སྡེ་སྐྱིན་འགྲུལ་དེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ཐུགས་ཀྱི་དགོངས་བཞེད་ཨིནམ་བཞིན་དུ་ དགོངས་བཞེད་དེ་ སྤྱི་ལོ་༢༠༡༦ ལུ་ ཀྲོང་གསར་ལུ་སྦེ་ རྒྱལ་ཡོངས་དུས་ཆེན་ བརྩི་སྲུང་ཞུ་བའི་སྐབས་ མི་དབང་མཆོག་གིས་ གསུངས་གནང་ཡི་ཟེར་ཨིན་པས།
གཙོ་རིམ་ལས་སྡེ་སྐྱིན་འགྲུལ་དེ་ དུས་ཅི་ སྤྱི་ཟླ་དང་པའི་ཚེས་༡ ལས་ འགོ་བཙུགས་ཡོདཔ་ད་ ལས་རིམ་དེ་ རྒྱལ་གཞུང་དངུལ་ལས་དབང་འཛིན་དང་ དངུལ་འབྲེལ་ལས་སྡེ་ཚུ་གིས་ མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་ནི་ཨིནམ་ད་ ལས་འགུལ་དེ་གིས་ དམིགས་ཡུལ་ངོ་མ་ར་ ན་གཞོན་ཚུ་ལུ་ དངུལ་གྱི་རྒྱབ་སྐྱོར་བྱིན་ཐོག་ལས་ སོ་ནམ་ལས་སྡེ་ གོང་འཕེལ་གཏང་ནི་དེ་ཨིན་པས།
ལས་རིམ་དེའི་ཐོག་ལས་ བཟོ་གྲྭ་ཆུང་བ་ཚུ་ གཞི་བཙུགས་འབད་ནི་ལུ་ རྒྱབ་སྐྱོར་བྱིན་ནི་ཨིནམ་བཞིན་དུ་ དེའི་ཐོག་ལས་ སོ་ནམ་ཐོན་སྐྱེད་ཡར་དྲག་གཏང་ནི་དང་ ཕྱིའི་རྒྱལ་ཁབ་ལས་ སོ་ནམ་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ནི་དེ་ མར་ཕབ་འབད་ནི་ཨིནམ་ད་ གནས་ཚུལ་གསར་བཏོན་དང་འཁྲིལ་བ་ཅིན་ སྐྱིན་འགྲུལ་དེ་ ངོ་རྐྱང་འབད་རུང་ ཡང་ཅིན་ སྡེ་ཚན་ཐོག་ལས་ དངུལ་ཀྲམ་ས་ཡ་༡༠ དེ་ཅིག་ ལེན་ཆོག་ཟེར་ཨིན་པས།
སོ་ནམ་ལས་སྡེའི་དོན་ལུ་འབད་བ་ཅིན་ སྐྱིན་འགྲུལ་གྱི་སྐྱེད་དེ་ཡང་ བརྒྱ་ཆ་༨ ཨིནམ་ད་ སོ་ནམ་མེན་པའི་ལས་སྡེ་ལུ་འབད་བ་ཅིན་ སྐྱེད་བརྒྱ་ཆ་༨.༥ ཨིནམ་ད་ ལས་འགུལ་འགོ་བཙུགས་ནི་ལུ་ སྤྲོ་བ་ཡོད་མི་ཚུ་གིས་ རང་སོའི་ རྒེད་འོག་བརྒྱུད་དེ་ ཞབས་ཏོག་ལེན་དགོཔ་ ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *