འབྲུག་གསོ་བ་དང་ འཕྲོད་བསྟེན་ཚོགས་སྡེ་གིས་ ཌོག་ཊར་དང་ སྨན་གཡོགམོ་ཚུ་ལུ་ བཀའ་བཀྱོན།

༉ འབྲུག་གསོ་བ་དང་འཕྲོད་བསྟེན་ཚོགས་སྡེ་གིས་ ཌོག་ཊར་༣ དང་ སྨན་གཡོགམོ་༣ གྱིས་ སྒྲིག་གཡོག་དང་འབྲེལ་བའི་ལཱ་ནང་ འཐུས་ཤོར་བྱུང་མི་ལུ་བརྟེན་ བཀའ་བཀྱོན་འབད་བའི་ཁར་ ཉོགས་བཤད་ཀྱི་ གྲོས་ཆོད་བཏོན་པའི་ ཉིནམ་ལས་འགོ་བཙུགས་ཏེ་ ལོ་༢ ཀྱི་རིང་ སྦྱོང་བརྡར་དང་འབྲེལ་བའི་ གོ་སྐབས་གཞན་ཚུ་ནང་ ཐོབ་ལམ་མེདཔ་སྦེ་ གྲོས་ཐག་བཅད་ནུག།
ཚོགས་སྡེ་གིས་ གྲོས་ཆོད་དེ་ཡང་ སྤྱི་ཟླ་༡༡ པའི་ཚེས་༨ ལུ་ བཏོན་ཡོདཔ་ཨིན་པས།
དར་དཀར་ནང་ བཙན་མདའ་སྒང་རྒེད་འོག་ལས་ སྐྱེས་ལོ་༣༥ ལང་མི་ བ་ལི་མཱམ་ར་ན་དེ་ དུས་ཅི་ སྤྱི་ཟླ་༤ པའི་ནང་ ཐིམ་ཕུག་འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ གཤག་བཅོས་འབད་བའི་ཤུལ་ལས་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།
ཚེ་འདས་ཀྱི་ སྤུན་ཆ་ཚུ་གིས་ གསོ་བའི་འགོ་དཔོན་ཚུ་གིས་ ནདཔ་དེ་ སྣང་མེད་ཐོག་ལས་ ཤི་རྐྱེན་བྱུང་པའི་སྐོར་ལས་ སྨན་ཁང་གི་ བདག་སྐྱོང་ལུ་ ཉོགས་བཤད་བཀོད་རུང་ ག་ནི་ཡང་ ངོས་ལེན་འབད་མ་བཏུབ་ལས་ ཚོགས་སྡེ་ལུ་ མཐོ་གཏུགས་འབད་ཡོདཔ་ཨིན་པས།
གསོ་བའི་འགོ་དཔོན་ཚུ་གིས་ ནདཔ་བདག་འཛིན་འཐབ་ནིའི་ ལམ་ལུགས་ལས་ འགལ་ཡོདཔ་མ་ཚད་ འབྲུག་གསོ་བ་དང་ འཕྲོད་བསྟེན་ཚོགས་སྡེའི་སྒྲིག་གཞི་༢༠༠༥ ཅན་མའི་རྩ་ཚན་༦ པའི་རྩ་དོན་༢.༣ པ་ལས་ འགལ་ཡོདཔ་ཨིན་པས།
གྲོས་ཆོད་དེ་ཡང་ ཚེ་འདས་ཀྱི་ ནུ་གཅུང་གིས་ ཚོགས་སྡེ་ལུ་ ཉོགས་བཤད་བཙུགས་མི་དེ་ བདེན་པ་ཡོད་མེད་ ཚོགས་སྡེ་གིས་ ཞིབ་དཔྱད་རྒྱས་པར་འབད་བའི་ཤུལ་ལས་ བཏོན་ཡོདཔ་ཨིན་པས།
ཚོགས་སྡེ་གིས་ བྱུང་རྐྱེན་མཐོང་མི་ཚུ་གི་ སྒྲུབ་བྱེད་དང་ ངག་བརྗོད་ཕུལ་མི་ ནད་པའི་ཐོ་ཡིག་དང་ མཁས་མཆོག་ཚུ་གི་ བསམ་འཆར་བསྡུ་ལེན་འབད་མི་ དེ་ལས་ ནདཔ་དང་འབྲེལ་གཏོགས་འབད་མི་ གསོ་བའི་ལས་བྱེདཔ་ག་ར་ བདེན་དཔྱད་འབད་ཡོདཔ་ད་ གཤག་བཅོས་དེ་ དེ་ཚེ་ སྒྲིག་གཡོག་ནང་ ཌོག་ཊར་རོ་བཱརཊ་ཡོདཔ་ལས་ ཁོ་གིས་འབད་རུང་ ནདཔ་དེ་ གཤག་བཅོས་འབད་བའི་ཤུལ་ལས་ ལེགས་ཤོམ་སྦེ་ བལྟ་དགོཔ་སྦེ་ མ་སླབ་པས་ཟེར་ གྲོས་ཆོད་ནང་བཀོད་ནུག།
ཌོག་ཊར་དེ་གིས་ གཤག་བཅོས་འབད་བའི་ཤུལ་ལས་ སྒྲིག་གཡོག་ནང་སྡོད་མི་ ཌོག་ཊར་ལུ་ ནདཔ་དེ་ ལེགས་ཤོམ་སྦེ་ ལྟ་རྟོག་འབད་ནིའི་དོན་ལུ་ ཧིང་སངས་ས་སྦེ་ མ་སླབ་པའི་ཁར་ འབྲུག་གི་གནས་ཚད་ཅན་གྱི་ཐོ་བཀོད་ གསོ་བའི་ལག་ལེན་དང་འཁྲིལ་ཏེ་ མ་འབད་བས་ཟེར་ཨིན་པས།
ཌོག་ཊར་རོ་བཱརཊ་གིས་ འབྲུག་གསོ་བ་དང་ འཕྲོད་བསྟེན་ཚོགས་སྡེའི་ སྒྲིག་གཞི་༢༠༠༥ ཅན་མའི་ རྩ་ཚན་༦ པའི་ རྩ་དོན་༢.༣ ལས་ འགལ་ཡོདཔ་ལས་ ཚོགས་སྡེའི་ཁ་ཐུག་ལས་ བཀའ་བཀྱོན་འབད་བའི་ཁར་ ནད་པའི་འཛིན་སྐྱོང་འགན་འཁྲི་ཚུ་ འབད་དགོཔ་མ་ཚད་ གསོ་བའི་ལས་བྱེདཔ་ཚུ་ལུ་ ལམ་སྟོན་ཚུ་ དྭངས་གསལ་སྦེ་ གོ་བརྡ་སྤྲོད་དགོ་པའི་ དྲན་གསོ་འབད་ཡི་ཟེར་ གྲོས་ཆོད་ནང་བཀོད་ནུག།
དེ་མ་ཚད་ ཚོགས་སྡེ་གིས་ གཤག་བཅོས་ཁང་མིག་ནང་ སྒྲིག་གཡོག་རྒྱུག་མི་ གསོ་བའི་འགོ་དཔོན་ ས་གར་གུ་རུང་གིས་ ནདཔ་དེ་ བདག་འཛིན་འབད་དགོཔ་བཞིན་དུ་ སྒྲིག་གཡོག་ནང་སྡོད་མི་ ཊོག་ཊར་དེ་ ནདཔ་ཚབས་ཆེན་ ལྟ་རྟོག་འབད་ནི་མེན་པར་ ཕྱི་རུ་ཆུ་ཚོད་༡༠ ཚུན་ གཤག་བཅོས་ཌོག་ཊར་དང་གཅིག་ གཤག་བཅོས་ཀྱི་ ཆ་རོགས་འབད་སྡོད་ནུག་ཟེར་བཀོད་ནུག།
དེ་ལས་ སྒྲིག་གཡོག་ནང་སྡོད་མི་ ཌོག་ཊར་དེ་གིས་ གཤག་བཅོས་ཌོག་ཊར་ལུ་ སྙན་ཞུ་མ་འབདཝ་ལས་ ཌོག་ཊར་ས་གར་ གུ་རུང་གིས་ འབྲུག་གསོ་བ་དང་འཕྲོད་བསྟེན་ཚོགས་སྡེའི་ སྒྲིག་གཞི་ལས་ འགལ་ཡོདཔ་ལས་ ཌོག་ཊར་ས་གར་ གུ་རུང་ལུ་ བཀའ་བཀྱོན་དང་ སྒྲིག་གཡོག་ནང་ སྡོད་པའི་སྐབས་ ནདཔ་དེ་ ལེགས་ཤོམ་སྦེ་ བདག་འཛིན་འཐབ་དགོ་པའི་ ཉེན་བརྡ་འབད་ཡོདཔ་ཨིན་པས།
བྱུང་རྐྱེན་སྐབས་ ཌོག་ཊར་དར་སྒོ་སྒྲོལ་མ་དེ་ གཤག་བཅོས་ཁང་མིག་ནང་ ལཱ་གཡོག་དང་འབྲེལ་བའི་ སྦྱོང་བརྡར་འབད་བའི་བསྒང་ཨིནམ་ལས་ མོ་གིས་འབད་རུང་ ནདཔ་དེ་ བདག་འཛིན་འབད་དགོཔ་བཞིན་དུ་ ནདཔ་ན་ཡོད་པའི་ ཉོགས་བཤད་བཀོད་པའི་སྐབས་ མོ་གིས་ དེ་འཕྲོ་ལས་ རྒྱབ་སྐྱོར་འབད་ཡོད་རུང་ དེ་གི་སྐོར་ སྒྲིག་གཡོག་ནང་ཡོད་མི་ ཌོག་ཊར་ལུ་ སྙན་ཞུ་མ་འབད་བར་ བཞག་མི་ལུ་བརྟེན་ སྒྲིག་གཞི་དང་ ལམ་སྟོན་ལས་ འགལ་ནི་དེ་གིས་ མོ་ལུ་ཡང་ བཀའ་བཀྱོན་འབད་ནུག།
མ་གཞི་ སྨན་གཡོགམོ་ཚུ་གིས་ དྲོ་པའི་ཆུ་ཚོད་༢ ཚུན་ ནདཔ་དེ་ བདག་འཛིན་འབད་ཡོད་རུང་ ཆུ་ཚོད་༢ ལས་ ནདཔ་དེ་ བདག་འཛིན་མ་འབད་བས་ཟེར་ཨིནམ་ད་ ནད་པའི་གནས་སྟངས་དེ་ སྐྱོ་དྲགས་སོང་བའི་ཤུལ་ལས་ ནད་གཡོག་རྒྱུག་མི་ཚུ་ སྨན་གཡོགམོ་ཚུ་ འཚོལ་བར་འོངམ་ད་ ཁོང་རའི་སྡོད་ས་ནང་ མ་སྡོད་པས་ཟེར་ ཚོགས་སྡེའི་གྲོས་ཆོད་ནང་བཀོད་ནུག།
སྨན་གཡོགམོ་ཚུ་ཡང་ ཁོང་ར་སྡོད་ས་ལུ་མེན་པར་ ག་གིས་ཡང་ མ་ཤེས་མི་ ས་གོ་ཅིག་ནང་ ཉལ་སྡོད་ཡོདཔ་སྦེ་ མཐོང་མི་ཚུ་གིས་ ངག་བརྗོད་ནང་ བཀོད་མི་དེ་ བདེན་པ་ཡོདཔ་སྦེ་ ཤེས་རྟོགས་བྱུང་ནུག།
དེ་བཟུམ་སྦེ་ སྤ་རོ་སྨན་ཁང་གིས་ ནདཔ་དེ་ ཐིམ་ཕུག་སྨན་ཁང་ནང་ བསྐྱལ་ནི་ལུ་ཡང་ འཐུས་ཤོར་བྱུང་ཡོད་རུང་ དགོས་མཁོ་དང་འཁྲིལ་ཏེ་ སྨན་བཅོས་ཚུ་ འབད་ནུག་ཟེར་ གྲོས་ཆོད་ནང་ བཀོད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *