འབྲུག་ཀུན་མཉམ་ཚོགས་པའི་གཙོ་འཛིན་བགྲེསཔ་ བསོད་ནམས་སྟོབས་རྒྱས་དང་ གཙོ་འཛིན་གསརཔ་ དྲགོས་གནས་བརྟན་བཟང་མོ།

འབྲུག་ཀུན་མཉམ་ཚོགས་པའི་གཙོ་འཛིན་གསརཔ།

༉ ཁ་ཙ་ ཐིམ་ཕུག་ལུ་ འབྲུག་ཀུན་མཉམ་ཚོགས་པའི་གཙོ་འཛིན་ བསོད་ནམས་སྟོབས་རྒྱས་ཀྱིས་ ཚོགས་པའི་གཙོ་འཛིན་གྱི་ འགན་ཁུར་དེ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཁྲི་འཛིན་བགྲེསཔ་ དྲགོས་གནས་བརྟན་བཟང་མོ་ལུ་ རྩིས་སྤྲོད་འབད་ཡི།

དེ་ཡང་ དྲགོས་གནས་བརྟན་བཟང་མོ་གིས་ སྤྱི་ཟླ་༥ པའི་ཚེས་༢༦ ལུ་ བསམ་གྲུབ་ལྗོངས་མཁར་ བདེ་བ་ཐང་ལུ་སྦེ་ འབྲུག་ཀུན་མཉམ་ཚོགས་པའི་ འཐུས་མི་སྦེ་ འཛུལ་ཞུགས་འབད་མི་དང་བསྟུན་ཨིནམ་ད་ གཙོ་འཛིན་གསརཔ་གིས་ བདེ་བ་ཐང་-སྒོམ་དར་འདེམས་ཁོངས་ལས་ དོ་འགྲན་འབད་ནི་ཨིན་པས།
གནས་ཚུལ་ཞལ་འཛོམས་ནང་ ཚོགས་པའི་གཙོ་འཛིན་འགྲེསཔ་ བསོད་ནམས་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ ཁོ་གིས་ ཚོགས་པའི་གཙོ་འཛིན་སྦེ་ ལོ་ངོ་མ་རབས་ཅིག་གི་རིང་ ལཱ་འབད་བའི་སྐབས་ མཉམ་རོགས་ཚུ་གིས་ རྒྱབ་སྐྱོར་བྱིན་མི་ལུ་བརྟེན་ ཚོགས་པ་དེ་ ཡུན་བརྟན་སྦེ་ གནས་ཚུགས་བཟོ་ཡི་ཟེར་ཨིན་པས།
ཨིན་རུང་ རྒྱལ་ཁབ་ནང་ མི་འཇོན་ཐངས་ཅན་ ལེ་ཤ་དགོཔ་ཡོདཔ་ལས་ དྲགོས་གནས་བརྟན་བཟང་མོ་དེ་ གདམ་འཐུ་འབད་དེ་ ད་རེས་ བཙག་འཐུའི་བྱ་རིམ་དང་འཁྲིལ་ གཙོ་འཛིན་གྱི་འགན་ཁུར་ མོ་ལུ་ རྩིས་སྤྲོད་འབདཝ་ཨིན་ཟེར་ སྲིད་ཚོགས་གཞི་བཙུགས་འབད་མི་ བསོད་ནམས་སྟོབས་རྒྱས་ཀྱིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཚོགས་པའི་དམིགས་ཡུལ་དེ་ཡང་ ཚོགས་རྒྱན་འཐོབ་ནིའི་དོན་ལུ་མེན་རུང་ དམངས་གཙོའི་རིང་ལུགས་ཀྱི་ གནས་ཚད་དེ་ ཡར་དྲག་གཏང་ཐབས་ལུ་ཨིནམ་ད་ འབྲུག་མི་ཚུ་གིས་ དམངས་གཙོའི་རིང་ལུགས་ནང་ དྲགོས་གནས་བརྟན་བཟུམ་སྦེ་ དགོ་འདོད་བཀོདཔ་བཞིན་དུ་ ང་བཅས་ཀྱིས་ ལྕོགས་གྲུབ་ཅན་གྱི་ མི་དེ་ འཚོལ་ཐོབ་ཅི་ཟེར་ བསོད་ནམས་སྟོབས་རྒྱས་ཀྱིས་ བཤདཔ་ཨིན་པས།
དྲགོས་གནས་བརྟན་བཟང་མོ་གིས་འབད་བ་ཅིན་ འབྲུག་ཀུན་མཉམ་ཚོགས་པ་དེ་ ལོ་༥ འི་དོན་ལུ་མེན་པར་ ཡུན་བརྟན་གནས་ནི་གི་ གཞི་རྩ་ལུ་ གཙོ་བོར་བཟུང་མི་ཅིག་ཨིན་པའི་ཁར་ མོ་ར་ཡང་ གཞི་རྩ་དང་ འགལ་བ་འགྱོ་མ་ཚུགས་མི་ཅིག་འབདཝ་ལས་ ཚོགས་པའི་ལྟ་བ་དང་ དམིགས་ཡུལ་ལ་སོགས་པ་ཚུ་ལུ་ ཡིད་ཆེས་བསྐྱེད་མི་ལུ་བརྟེན་ ཚོགས་པ་འདི་ནང་ འཛུལ་ཞུགས་འབད་ནིའི་ གདམ་ཁ་རྐྱབ་ཅི་ཟེར་ཨིན་པས།
མོ་གིས་ སྲིད་ཚོགས་ནང་ གཙོ་འཛིན་དང་ བློན་པོའི་གོ་གནས་ཚུ་ལུ་བལྟ་སྟེ་ འཛུལ་ཞུགས་འབདཝ་མེན་པར་ མོ་གི་ མནོ་ལུགས་དང་ ཚོགས་པའི་ལྟ་བ་༢ རྟགས་མཐུན་མི་ལུ་བརྟེན་ འཛུལ་ཞུགས་འབད་ཡི་ཟེར་ཨིན་པས།
སྲིད་དོན་གྱི་ གཙོ་འཛིན་དེ་ ཨམ་སྲུ་ཚུ་གིས་ འབད་མི་ཚུགས་ཟེར་མི་དེ་ གྲོང་གསེབ་ཀྱི་ མནོ་ལུགས་ཅིག་ཨིནམ་ལས་ སྔར་སྲོལ་མནོ་ལུགས་དེ་ བསྒྱུར་བཅོས་འབད་དགོཔ་ཡོད་ཟེར་ དྲགོས་གནས་བརྟན་བཟང་མོ་གིས་ བཤདཔ་ཨིན་པས།
འགན་ཁུར་དེ་ གནམ་མེད་ས་མེད་ གལ་གནད་ཅན་ཅིག་ཨིནམ་མ་ཚད་ མི་ཚུ་གིས་ ཟམ་བཟོ་སྐྲུན་འབད་ནི་དང་ ལེགས་སྦྱར་གཏང་ནི་དེ་ ཁ་ལས་སླབ་ནི་ལུ་ འཇམ་ཏོང་ཏོ་ཡོད་རུང་ མི་ཚུ་གི་ མནོ་ལུགས་བསྒྱུར་བཅོས་འབད་ནི་དེ་ ལཱ་ཁག་ཅིག་ཨིན་མས་ཟེར་ གཙོ་འཛིན་གསརཔ་གིས་ བཤདཔ་ཨིན་པས།
བསོད་ནམས་སྟོབས་རྒྱས་ཀྱིས་ ཚོགས་པ་གཞན་ཚུ་དང་ཕྱདཔ་ད་ ཚོགས་པའི་ནང་ འཐུས་མི་ལྕོགས་གྲུབ་ཅན་ཚུ་ ཡོད་པའི་ཁར་ ཚོགས་པའི་ཁ་ཐུག་ལས་ འདེམས་ཁོངས་༤༧ གྱི་དོན་ལུ་ འཇོན་ཐངས་ཅན་དང་ མི་སེར་ཚུ་ལས་ བློ་གཏད་ཡིད་ཆེས་ཡོད་པའི་ འདེམས་ངོ་ཚུ་ བཙུགས་ནིའི་དོན་ལུ་ གྲ་སྒྲིག་འབད་བའི་བསྒང་ཡོད་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

བཟའ་ཚང་ཅིག་ མི་ཚེ་སོར་སྒྱུར་ལུ་བརྟེན་ གནས་སྟངས་སྐྱོ་དྲགས་ནང་ཡོདཔ།

༉ འདས་པའི་ལོ་༢ མ་ལངམ་ཅིག་གི་ཧེ་མར་ འཇིགས་མེད་དེ་ མོང་སྒར་འབྲས་སྤུངས་རྒེད་འོག་ བཟུང་ལེན་གཡུས་ཚན་ནང་ བཟའ་ཚང་སྐྱོང་ནིའི་དོན་ལུ་ འགན་ཁུར་ཧྲིལ་བུམ་འབག་སྟེ་ བཟའ་ཚང་གི་མཐའ་དོན་ལུ་ བརྩོན་ཤུགས་བསྐྱེད་དེ་ ལཱ་འབད་མི་ཅིག་ཨིན་པས། སྐྱེས་ལོ་༣༨ ལང་མི་ཕོ་སྐྱེས་དེ་གིས་ ནང་མི་ཚུ་ལུ་ བཟའ་འཐུང་ཚུ་ …

Leave a Reply

Your email address will not be published. Required fields are marked *