འབྲུག་ཀུན་མཉམ་ཚོགས་པ་གིས་ ཐིམ་ཕུག་རྒྱལ་གཞུང་འཛིན་སྐྱོང་སློབ་སྡེའི་ སྤྱི་དོན་ཁང་ནང་སྦེ་ ཞལ་འཛོམས་འཚོགས་པའི་བསྒང་།

འབྲུག་ཀུན་མཉམ་ཚོགས་པའི་ ཞལ་འཛོམས་ནང་ ཚོགས་པའི་རྒྱབ་སྐྱོར་པ་༤,༥༠༠ ལྷགཔ་ཅིག་འཛོམས་ཡོདཔ།

༉ སྤྱི་ཟླ་༧ པའི་ཚེས་༢༡ ལུ་ ཐིམ་ཕུག་ལུ་སྦེ་ འབྲུག་ཀུན་མཉམ་ཚོགས་པ་གིས་ རྒྱལ་ཁབ་རང་མགོ་རང་དྲོངས་དོན་ལུ་ ང་བཅས་ཀྱི་ཚ་གྱང་ ང་བཅས་ཀྱི་འགན་ཁུར་ཟེར་བའི་ བརྗོད་དོན་ཐོག་ལུ་ ཞལ་འཛོམས་འགོ་དང་པ་ འགོ་འདྲེན་འཐབ་པའི་སྐབས་ བཀྲིས་སྒང་ མེ་རག་སག་སྟེང་ལས་ འགོ་བཟུང་སྟེ་ མགར་ས་ལ་ཡ་དང་ བསམ་རྩེ་ཌོ་ཡ་བཅས་ རྫོང་ཁག་༢༠ ལས་ ཚོགས་པའི་རྒྱབ་སྐྱོར་པ་༤,༥༠༠ ལྷགཔ་ཅིག་གིས་ བཅའ་མར་གཏོགས་ཅི།
ཞལ་འཛོམས་ནང་ ཚོགས་པའི་ལས་རྟགས་སྐོར་ལས་ གསལ་བཤད་འབད་ཡོདཔ་མ་ཚད་ འདེམས་ཁོངས་༤༧ གྱི་འདེམས་ངོ་ཚུ་ ངོ་སྤྲོད་འབད་ཡོདཔ་ད་ ཚོགས་པའི་ཡིག་ཚང་འཆང་མི་ གཙོ་འཛིན་དང་ གཙོ་འཛིན་འོག་མ་བརྩིས་ཏེ་ མི་ངོམ་༥ ཆ་འཇོག་འབད་ཡི།
དེ་མ་ཚད་ འཛིན་སྐྱོང་ཚོགས་ཆུང་གི་འཐུས་མི་༡༥ ཆ་འཇོག་དང་ རྫོང་ཁག་༢༠ དང་ རྒེད་འོག་༢༠༥ གི་ ཚོགས་པའི་ འགོ་འདྲེན་པ་ཚུ་ ཆ་འཇོག་འབད་ཡི།
ཚོགས་པའི་གཙོ་འཛིན་ དྲགོས་གནས་བརྟན་བཟང་མོ་གིས་ བཤད་མིའི་ནང་ དམག་རྐྱབ་པར་འགྱོ་ནི་ལུ་ གྲ་སྒྲིག་ཡོདཔ་བཟུམ་སྦེ་ ཚོགས་པ་དེ་ བཙག་འཐུ་ནང་ བཅའ་མར་གཏོགས་ནི་ལུ་ གྲ་སྒྲིག་ཚུད་སོཔ་ལས་ སེམས་དགའ་ཡི་ཟེར་ཨིནམ་ད་ ཚོར་བ་གི་ཐོག་ལས་ ཚོགས་པའི་འདེམས་ངོ་དང་ རྒྱབ་སྐྱོར་པ་ག་ར་ འབྲུག་པའི་མི་སེར་ཨིན་ཟེར་བའི་ མནོ་བསམ་གཏང་དགོཔ་དེ་ ཁག་ཆེ་ཟེར་ ཨིན་པས།
མོ་གིས་བཤད་མིའི་ནང་ ལོགས་ཅིག་ཁར་ ཁ་ལས་ རྩ་བ་གསུམ་ཟེར་སླབ་ ལོགས་ཅིག་ཁར་ མི་དབང་མངའ་བདག་རིན་པོ་ཆེ་གི་ ཐུགས་འཆར་དང་འགལ་བ་ཨིན་མས་ཟེར་ཨིནམ་ད་ མི་སེར་ཚུ་ འཇིགས་སྣང་ལང་བཅུག་པའི་ཁར་ གཡོ་སྒྱུའི་ཐོག་ལས་ མགུ་འཐོམ་བཅུགཔ་ལས་ གདོང་ལེན་འབད་དགོཔ་འདུག་ཟེར་ ཨིན་པས།
ད་རུང་ མོ་གིས་སླབ་མིའི་ནང་ འབྲུག་ཀུན་མཉམ་ཚོགས་པ་གིས་ ག་དེམ་ཅིག་སྦེ་ སྤྱི་༢༠༡༨ ལུ་ བཙག་འཐུ་འགྲུབ་པ་ཅིན་ དྲང་བདེན་གྱི་སྒོ་ལས་ བཙག་འཐུ་གྲུབ་ཅི་ཟེར་ དཔའ་ཉམས་བསྐྱེད་འོང་ཟེར་ཨིནམ་ད་ ཕམ་སོ་རུང་ དྲང་བདེན་ཐོག་ལས་ བཅའ་མར་གཏོགས་ཅི་ཟེར་ དཔའ་ཉམས་བསྐྱེད་དེ་ སྡོད་འོང་ཟེར་ ཨིན་པས།
ཚོགས་པའི་གཙོ་འཛིན་འོགམ་ བསོད་ནམས་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ ཚོགས་པ་གཞན་དང་ཕྱདཔ་ད་ འབྲུག་ཀུན་མཉམ་ཚོགས་པ་ལུ་ འདེམས་ངོ་ཨམ་སྲུ་མཐོ་ཤོས་༧ ཡོད་ཟེར་ཨིནམ་ད་ སྤྱིར་སྙོམས་ལུ་ ཉམས་མྱོང་ཅན་གྱི་འདེམས་ངོ་ ལོ་ཚད་ཉུང་ཤོས་༢༢ དང་ མཐོ་ཤོས་༤༢.༥ ཡོད་ཟེར་ ཨིན་པས།
གཞལམ་སྒང་བར་དོ་-ཀྲོང་འདེམས་ཁོངས་ལས་ དོ་འགྲན་འབད་མི་ སྐལ་བཟང་ཆོས་སྒྲོན་གྱིས་ སླབ་མིའི་ནང་ ཚོགས་པའི་གཙོ་འཛིན་དེ་ རྒྱལ་ཁབ་ཀྱི་མཐའ་དོན་ གདོང་ཁར་བཙུགས་ཏེ་ ལཱ་འབད་མི་ཅིག་འབདཝ་ལས་ མོ་ར་ སེམས་ཤུགས་ཐོབ་ཡོདཔ་ད་ ཁོང་ཨམ་སྲུ་ཚུ་ སྲིད་ཚོགས་ནང་ བཅའ་མར་གཏོགསཔ་ད་ ཧེ་མ་ར་ བཟའ་ཚང་དང་ ཕམ་སྤུན་ཆ་ལས་ རྒྱབ་སྐྱོར་ལེན་དགོ་པས་ཟེར་ཨིནམ་ད་ ལྷག་པར་དུ་ གོམས་འདྲིས་ལྟ་སྐོར་ནང་འགྱོཝ་ད་ མི་སེར་ཚུ་དང་འབྲེལ་བ་ དེ་ལས་ མི་སེར་ལས་ རྒྱབ་སྐྱོར་མེད་པ་ཅིན་ ལཱ་ཁག་འདུག་ཟེར་ཨིན་པས།
ཚོགས་པ་ནང་ སྐྱེས་ལོ་༢༥ ལང་མི་ འདེམས་ངོ་ས་ཇཱན་རཡི་གིས་ སླབ་མིའི་ནང་ འབྲུག་ཀུན་མཉམ་ཚོགས་པ་གིས་ ཡུན་བརྟན་ལུ་ གཙོ་བོར་བཏོན་དོ་ཟེར་ཨིནམ་ད་ མི་སེར་ཚུ་གིས་ རྒྱལ་ཁབ་ལུ་ བརྩེ་བ་ཡོད་དོ་བཟུམ་སྦེ་ དམངས་གཙོ་བོའི་རིང་ལུགས་ཀྱི་ གཞུང་ལུ་ཡང་ བརྩེ་བ་བསྐྱེད་གནང་ཟེར་ མི་དམངས་ལུ་ བཤད་ཅི།
གྲོས་འཛོམས་ནང་ སྦྱིས་-དབུས་སུ་-སྐར་ཚོགས་འདེམས་ཁོངས་ལས་ དོ་འགྲན་འབད་མི་འདེམས་ངོ་ ལྷམ་རྡོ་རྗེ་གིས་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གནས་སྟངས་སྐོར་ལས་ གསལ་བཤད་འབདཝ་ད་འབྲེལ་ ཁོ་གིས་སླབ་མིའི་ནང་ འཆར་གཞི་༡༢ པ་དེ་ མ་འདྲཝ་ཅིག་འབདཝ་ལས་ རྒྱལ་ཁབ་ཀྱི་དོན་ལུ་ ང་བཅས་ཀྱིས་མ་འབད་བ་ཅིན་ ག་གིས་འབད་ནི་ཨིན་ན་ ད་རེས་མ་འབད་བ་ཅིན་ ནམ་འབད་ནི་སྨོ་ཟེར་ བཤད་ཅི།
གཙོ་འཛིན་འོག་མ་གིས་ སླབ་མིའི་ནང་ མི་སེར་ཚུ་གིས་ དམངས་གཙོ་བོའི་རིང་ལུགས་ནང་ བློ་གཏད་དང་ ཡིད་ཆེས་ཀྱི་དོན་ལུ་ དམངས་གཙོའི་རིང་ལུགས་ཀྱི་ གཞི་འགྱམ་དེ་ར་ སྒྲིང་སྒྲི་བཟོ་དགོཔ་འདུག་ཟེར་ཨིནམ་ད་ གཞི་འགྱམ་དེ་ ལེགས་ཤོམ་བཟོ་དགོ་པ་ཅིན་ ངན་ལྷད་དང་གཡོ་སྒྱུ་ མགུ་སྐོར་དང་འཇིགས་སྣང་མེདཔ་ ཐ་དམ་ཚིག་དང་ལས་རྒྱུ་འབྲས་བསྟེན་ཏེ་ རང་མོས་རྣམ་དག་གི་སྒོ་ལས་ ཕྱག་ཞུ་དགོཔ་འདུག་ཟེར་ ཨིན་པས།
འབྲུག་ཀུན་མཉམ་ཚོགས་པའི་ ལྟ་བ་དེ་ དམངས་གཙོ་བོའི་རིང་ལུགས་ནང་ བཙག་འཐུ་འགྲུབ་དགོ་ཟེར་ རྩ་ལས་མེན་ཟེར་ཨིནམ་ད་ བཙག་འཐུ་ནང་ ནང་གསུག་དང་གཡོ་སྒྱུ་ ངན་ལྷད་འབད་ཐོག་ལས་ གཞུང་དང་འདེམས་ངོ་ བཙག་འཐུ་གྲུབ་མི་ ག་ཨིན་རུང་ རྒྱལ་ཁབ་དང་མི་སེར་ལུ་ ཕྱག་ཞུ་ནི་མི་བདེན་ཟེར་ གཙོ་འཛིན་འོག་མ་གིས་བཤད་ཅི།
ཁོ་གིས་སླབ་མིའི་ནང་ མི་སེར་ཚུ་གིས་ སྤྱི་ལོ་༢༠༠༨ དང་ སྤྱི་ལོ་༢༠༡༣ གི་བཙག་འཐུ་ནང་ བཅའ་མར་གཏོགས་ཡི་ཟེར་ཨིནམ་ད་ བཙག་འཐུ་དང་འབྲེལ་བའི་ སྟབས་མ་བདེཝ་ལེ་ཤ་ར་ བྱུང་དོ་ཡོདཔ་ལས་ ཚོགས་རྒྱན་དེ་ རང་མོས་རྣམ་དག་གི་སྒོ་ལས་ བཙུགས་གནང་ཟེར་ མི་དམངས་ལུ་བཤད་ཅི།
འབྲུག་ཀུན་མཉམ་ཚོགས་པའི་ གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ ཁས་བླངས་གསལ་བསྒྲགས་ ལེ་ཤ་ཡོད་པའི་གྲས་ལས་ ཞི་གཡོགཔ་ཚུ་གི་བར་ན་ ཆགས་སྡང་ཕྱོགས་རིས་ རྩ་མེད་གཏང་ནི་དང་ ན་གཞོན་ཚུ་ལུ་ རྒྱལ་ཁབ་ནང་འཁོད་དང་ ཕྱི་རྒྱལ་གཉིས་ཆ་རའི་ནང་ ལཱ་གཡོག་གི་དོན་ལུ་ མ་རྩ་གཞི་བཙུགས་འབད་ནི་ཨིནམ་ད་ འབྲུག་རྒྱལ་ཁབ་ཀྱི་མི་སེར་བརྒྱ་ཆ་༦༠ སོ་ནམ་ལུ་བརྟེན་ཏེ་ སྡོད་དོ་ཡོདཔ་ལས་ རྫོང་ཁག་༢༠ ལུ་ འཐུང་ཆུ་དང་ཞིང་ཆུ་ བརྒྱ་ཆ་ལས་༡༠༠ ཚོགས་པའི་ཧོང་ལས་ བཀྲམ་སྤེལ་འབད་འོང་ཟེར་ ཨིན་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ།

 

 

 

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *