འབྲུག་ཀུན་མཉམ་ཚོགས་པ་ བཙག་འཐུ་ནང་ གྲལ་གཏོགས་འབད་ནི་ལུ་ ངེས་པ་མེདཔ།

༉ སྤྱི་ཚོགས་༤ པའི་ བཙག་འཐུ་རན་དོ་ཡོདཔ་བཞིན་དུ་ སྲིད་དོན་ཚོགས་པའི་ འཐུས་མི་ཚུ་གི་ ནང་འཁོད་ལུ་ འབྲུག་ཀུན་མཉམ་ཚོགས་པ་གིས་ བཙག་འཐུ་ནང་ བཅའ་མར་གཏོགས་མི་གཏོགས་སྐོར་ ངེས་བརྟན་སྦེ་ སླབ་མ་ཚུགས་པའི་ གནས་སྟངས་ནང་ སྡོད་ཡོདཔ་ཨིན་པས།

ཚོགས་པའི་འཐུས་མི་ཚུ་གིས་ སླབ་མིའི་ནང་ གདོང་ལེན་གཅིགཔོ་དེ་ སྤྱི་ལོ་༢༠༡༨ ཀྱི་ བཙག་འཐུ་ནང་ ཚོགས་རྒྱན་ཡོངས་བསྡོམས་ བརྒྱ་་ཆ་༡༠ མ་ཐོབ་མི་ལུ་བརྟེན་ སྐུལ་བསྒྲགས་འབད་ནི་ལུ་ གཞུང་ལས་ མ་དངུལ་མི་འཐོབ་ནི་ཨིན་པས།

གནད་དོན་གཞན་དེ་ སྲིད་དོན་ཚོགས་པ་དེ་ ག་གིས་ འགོ་ཁྲིད་འབད་འོང་ག་ཟེར་ སླབ་མི་དེ་ཡང་ སྤྱི་ལོ་༢༠༡༨ ཟླ་༡༡ པའི་ནང་ ཀུན་མཉམ་ཚོགས་པའི་གཙོ་འཛིན་ དྲགོས་གནས་བརྟན་བཟང་མོ་དགོངས་ཞུ་འབད་བའི་ཤུལ་ལས་ གཙོ་འཛིན་གསརཔ་ བཙག་འཐུ་མ་འབད་མི་ལུ་བརྟེན་ཨིན་པས།

ཨིན་རུང་ ཚོགས་པའི་གཙོ་འཛིན་འོགམ་ བསོད་ནམས་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ འབྲུག་ཀུན་མཉམ་ཚོགས་པ་དེ་ ཐོ་བཀོད་ཅན་གྱི་ སྲིད་ཚོགས་ཅིག་འབདཝ་ལས་ སྤྱི་ལོ་༢༠༢༣-༢༤ གི་ བཙག་འཐུ་ནང་ བཅའ་མར་གཏོགས་འོང་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ཚོགས་པ་དེ་ རང་དབང་ཅན་གྱི་ ཚོགས་པ་ཅིག་འབདཝ་ལས་ སྲིད་དོན་ཚོགས་པ་གཞན་དང་ མཉམ་སྡེབ་འབད་དེ་མེད་པའི་ཁར་ ཚོགས་པ་གཞན་དང་ མཉམ་སྡེབ་འབད་ནི་གི་ རེ་བ་ཡང་མེད་ཟེར་ཨིན་པས།

ང་བཅས་རའི་ འགན་ཚད་དང་ བརྩི་མཐོང་དང་འཁྲིལ་ཏེ་ རྩ་འགེངས་འོང་ཟེར་ བསོད་ནམས་སྟོབས་རྒྱས་ཀྱིས་ སླབ་ཨིན་རུང་ གནས་ཚུལ་བཤད་མི་ཚུ་གིས་ སླབ་མིའི་ནང་ ད་རེས་ བཙག་འཐུ་འགོ་འདྲེན་འཐབ་ནི་ལུ་ ཟླཝ་༡༨ ལས་བརྒལ་མེདཔ་ལས་ གྲ་སྒྲིག་ལས་རིམ་ཚུ་ ག་ནི་ཡང་འབད་དེ་ མིན་འདུག་ཟེར་ཨིན་པས།

ཁོང་གིས་འབད་བ་ཅིན་ སྲིད་དོན་ཚོགས་པའི་ ནང་འཁོད་ལུ་ར་ འབྲེལ་བ་མེད་པར་ དུས་ཚོད་ལེ་ཤ་སོང་ཡོདཔ་བཞིན་དུ་ འཕྲལ་ཁམས་ཅིག་ཁར་ ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ ཚོགས་པའི་འཐུས་མི་ཚུ་གིས་ སྲིད་ཚོགས་དེ་ ཧྲམ་གཏང་དགོ་པའི་ བསམ་འཆར་བཀོད་ཡོདཔ་ཨིན་པས།

ཐོ་བཀོད་ཅན་གྱི་ སྲིད་དོན་ཚོགས་པ་གཞན་ཚུ་གིས་ ཚོགས་པའི་འདེམས་ངོ་ཚུ་ གསལ་སྟོན་འབད་དོ་ཡོད་རུང་ ཀུན་མཉམ་ཚོགས་པ་གིས་ ཁུ་སིམ་སི་སྦེ་ སྡོདཔ་མས་ཟེར་ཨིན་པས།

ཀུན་མཉམ་ཚོགས་པའི་ འདེམས་ངོ་བགྲེསཔ་ ལ་ལོ་ཅིག་ སྲིད་དོན་ཚོགས་པ་ གཞན་ཚུ་ནང་ འཛུལ་ཞུགས་འབད་ནི་ལུ་ བདེ་སྒྲིག་འབད་བའི་བསྒང་འདུག་ཟེར་ གཅིག་གིས་ སླབ་ཨིན་པས།

གལ་སྲིད་ འབྲུག་ཀུན་མཉམ་ཚོགས་པ་གིས་ བཅའ་མར་གཏོགས་མ་ཚུགསཔ་དང་ ད་རེས་ བཙག་འཐུ་ལྷན་ཚོགས་དང་ ཐོ་བཀོད་ཀྱི་ བྱ་རིམ་ནང་ཡོད་མི་ སྲིད་དོན་ཚོགས་པ་གསརཔ་ འབྲུག་མཐུན་འབྲེལ་ཚོགས་པ་དེ་ ཐོ་བཀོད་གྲུབ་མ་ཚུགས་པ་ཅིན་ སྤྱི་ལོ་༢༠༢༣ གྱི་ བཙག་འཐུ་ནང་ སྲིད་དོན་ཚོགས་པ་༣ རྐྱངམ་གཅིག་འོང་ནི་ཨིན་པས།

འབྲུག་མཐུན་འབྲེལ་ཚོགས་པའི་ ཡིག་ཚང་ལས་བྱེདཔ་ཅིག་གིས་ སླབ་མིའི་ནང་ བཙག་འཐུའི་བཅའ་ཁྲིམས་དང་འཁྲིལ་ཏེ་ ཁྱད་ཚད་ག་ར་ ཚང་སྟེ་ཡོད་རུང་ ཚོགས་པ་ཐོ་བཀོད་འབད་ནི་ལུ་ ཁྱད་ཚད་ཅན་ཅིག་ བཟོ་ཡོདཔ་སྦེ་ ཤེས་རྟོགས་བྱུང་ཡི།

དེ་དང་འཁྲིལ་ཏེ་ དགོས་མཁོ་ཅན་གྱི་ ཡིག་ཆ་ག་ར་ ལྷན་ཚོགས་ལུ་ ཕུལ་ཡོདཔ་ལས་ ད་རེས་ འབྲུག་མཐུན་འབྲེལ་ཚོགས་པ་དེ་ ལྷན་ཚོགས་ཀྱི་ ལན་གསལ་ལུ་ སྒུག་སྟེ་ཡོད་ཟེར་ཨིན་པས།

ཚོགས་པ་གིས་ ཐོ་བཀོད་ཡིག་ཆ་དེ་ཡང་ ལྷན་ཚོགས་ལུ་ དུས་ཅི་ སྤྱི་ཟླ་༥ པའི་ཚེས་༢༧ ལུ་ ཕུལ་ཡོདཔ་ལས་ ད་རེས་ ཟླཝ་༣ ལང་དོ་ཡོདཔ་ཨིན་པས།

མི་སེར་དམངས་གཙོ་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ ཀུན་དགའ་བཀྲིས་ཀྱིས་ སླབ་མིའི་ནང་ ཚོགས་པ་གིས་ འདེམས་ཁོངས་༤༧ གྱི་ འདེམས་ངོ་ག་ར་ གདམ་འཐུ་འབད་དེ་ཡོདཔ་ལས་ བཙག་འཐུའི་དོན་ལུ་ གྲ་སྒྲིག་ཚུད་དེ་ཡོད་ཟེར་ཨིན་པས།

དེ་བཟུམ་སྦེ་ འབྲུག་ཕུན་སུམ་ཚོགས་པ་གིས་ དུས་ཅི་ སྤྱི་ཟླ་༦ པའི་ནང་ རྣམ་རྒྱལ་དེ་ བསམ་རྩེ་བཀྲིས་ཆོས་གླིང་འདེམས་ཁོངས་ཀྱི་ ཚོགས་པའི་འདེམས་ངོ་སྦེ་ གསལ་བསྒྲགས་འབད་ཡོདཔ་ཨིན་པས།

ཚོགས་པའི་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཚོགས་པའི་འདེམས་ངོ་ མང་ཤོས་ཅིག་ ངོས་འཛིན་འབད་དེ་ཡོདཔ་ད་ འབྲུག་མཉམ་རུབ་ཚོགས་པའི་གཞུང་གི་ གནས་ཡུན་དེ་ སྤྱི་ལོ་༢༠༢༣ ཟླ་༡༡ པའི་ནང་ ཚང་ནི་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *