༉ འབྲུག་ཀུན་མཉམ་ཚོགས་པའི གཙོ་འཛིན་གྱིས་ ཤར་ཕྱོགས་རྫོང་ཁག་ནང་ ལྟ་སྐོར་འགྱོཝ་དང་འབྲེལ་ འདེམས་ངོ་གསརཔ་༢ ངོ་སྤྲོད་འབད་ཡོདཔ་ཨིན་པས།
ཚོགས་པ་གིས་ སྤྱི་ཟླ་༦ པའི་ཚེས་༡༦ ལུ་ མོང་སྒར་ལུ་ ཚོགས་པའི་ཡིག་ཚང་ འགོ་འབྱེད་འབདཝ་དང་འབྲེལ་ བསོད་ནམས་མཆོད་རྟེན་དེ་ མོང་སྒར་འདེམས་ཁོངས་ཀྱི་ འདེམས་ངོ་སྦེ་ ངོ་སྤྲོད་འབད་ཡོདཔ་ད་ ཁོ་ལུ་ གློག་རིག་ནང་ མཐོ་རིམ་ཤེས་ཚད་ཡོད་པའི་ཁར་ ལོ་༥ དེ་ཅིག་ རྒྱ་གར་བེང་ལོར་ལུ་ སྒེར་སྡེ་ཅིག་ནང་ འགན་འཛིན་པ་སྦེ་ ལཱ་འབད་ཡོདཔ་ཨིན་པས།
ད་རུང་ སྤྱི་ཟླ་༦ པའི་ཚེས་༡༥ ལུ་ ཚེ་རིང་དབང་ཆེན་དེ་ མོང་སྒར་དགྲ་མེད་རྩེ་-སྔ་ཚང་འདེམས་ཁོངས་ཀྱི་ འདེམས་ངོ་སྦེ་ ངོ་སྤྲོད་འབད་ཡོདཔ་ད་ ཁོ་ལུ་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ལས་ རྫོང་ཁ་ནང་ མཐོ་རིམ་ཤེས་ཚད་ཡོདཔ་ཨིན་པས།

ཁོ་གིས་ ལོ་༨ ཀྱི་རིང་ལུ་ ཐིམ་ཕུག་དང་ ཀྲོང་གསར་ གཞལམ་སྒང་གི་ སློབ་གྲྭ་ཚུ་ནང་ བདག་སྐྱོང་གི་ ལཱ་འབད་ཡོདཔ་མ་ཚད་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ནང་ ལོ་༢ དང་ སྤྱི་མཐུན་ཕན་བདེ་ཚོགས་སྡེ་ནང་ ལོ་༢ དེ་ཅིག་ ལཱ་འབད་ནུག།
འདེམས་ངོ་ཁོ་ར་ ཤེས་རབ་བརྩེ་མཐོ་རིམ་སློབ་གྲྭ་ནང་ སྡོད་པའི་སྐབས་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ ཁྱད་འཕགས་ཤེས་ཡོན་གྱི་ གཟེངས་བསྟོད་རྟགས་མ་ཅིག་ཡང་ ཐོབ་ཡོདཔ་ད་ ད་ཚུན་ ཚོགས་པ་གིས་ འདེམས་ངོ་༡༦ དེ་ཅིག་ ངོ་སྤྲོད་འབད་ཡོདཔ་ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།