འབྲུག་ཀུན་མཉམ་ཚོགས་པ་གིས་ བཙག་འཐུའི་གསལ་བསྒྲགས་ལས་འགལ་ཡོདཔ།

༉ འབྲུག་ཀུན་མཉམ་ཚོགས་པ་གིས་ བཙག་འཐུའི་གསལ་བསྒྲགས་ལུ་ གནས་དགོཔ་སྦེ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ ཡང་བསྐྱར་དུ་ ཚོགས་པ་འདི་ལུ་ དྲན་གསོ་འབད་ཡོདཔ་ད་ གསལ་བསྒྲགས་དང་འཁྲིལ་བ་ཅིན་ སྲིད་དོན་ཚོགས་པ་ཚུ་གིས་ འདེམས་ངོ་ཚུ་ ངོ་སྤྲོད་འབད་མི་ཆོག་ནི་ཨིན་པས།
དེ་ཡང་ ད་རེས་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ འགོ་འདྲེན་འཐབ་པའི་བསྒང་འབདཝ་ལས་ སྲིད་དོན་ཚོགས་པ་ཚུ་གིས་ འདེམས་ངོ་གསལ་སྟོན་འབད་ནི་ལས་ འཛེམ་དགོཔ་མ་ཚད་ འདེམས་ཁོངས་ལྟ་སྐོར་གྱི་ལས་རིམ་ཚུ་ཡང་ འབད་མི་ཆོག་དོ་ཡོདཔ་ཨིན་པས།
གསལ་བསྒྲགས་འབད་བའི་ཤུལ་ལས་ འབྲུག་ཀུན་མཉམ་ཚོགས་པ་གིས་ དུས་ཅི་ སྤྱི་ཟླ་༤ པའི་ཚེས་༢ ལུ་ ད་རུང་ འདེམས་ངོ་༢ གསལ་སྟོན་འབད་བའི་སྐབས་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ དྲུང་ཆེན་ ཟླ་བ་བསྟན་འཛིན་གྱིས་ འབྲུག་ཀུན་མཉམ་ཚོགས་པའི་ གཙོ་འཛིན་འོག་མ་ བསོད་ནམས་སྟོབས་རྒྱས་ ཡིག་ཚང་ནང་འབོ་ཞིནམ་ལས་ འདེམས་ངོ་གསལ་སྟོན་འབད་མ་ཆོག་པའི་སྐོར་ལས་ དྲན་གསོ་འབད་ནུག།
གསལ་སྟོན་འབད་མི་འདེམས་ངོ་༢ པོ་དེ་ གཞལམ་སྒང་ བར་དོ་དང་ཀྲོང་གི་འདེམས་ངོ་ སྐལ་བཟང་ཆོས་སྒྲོན་དང་ བཀྲིས་སྒང་ ཝམ་རོང་གི་འདེམས་ངོ་ བསོད་ནམས་ཚེ་རིང་ཨིནམ་ད་ ལྷན་ཚོགས་ཀྱིས་ འདེམས་ངོ་གསལ་སྟོན་འབད་མ་ཆོག་པའི་ གསལ་བསྒྲགས་དེ་ དུས་ཅི་ སྤྱི་ཟླ་༣ པའི་ཚེས་༡༢ ལུ་འབད་ནུག།
ལྷན་ཚོགས་ཀྱིས་ འབྲུག་ཀུན་མཉམ་ཚོགས་པ་ལུ་ གསལ་བསྒྲགས་ལུ་ གནས་དགོ་པའི་དྲན་གསོ་དེ་ ཧེ་མ་ཡང་ཚར་ཅིག་འབད་དགོཔ་ཐོན་མི་དེ་ སྤྱི་ཟླ་༣ པའི་ཚེས་༡༣ ལུ་ ཚོགས་པ་གིས་ རྩི་རང་སྟོད་ཀྱི་ འདེམས་ངོ་ དྲམ་བར་གི་མི་རེ་དང་ ལྷུན་རྩེ་སྨན་སྦིས་དང་བཙན་མཁར་གྱི་འདེམས་ངོ་ ཚེ་རབ་ཕུན་ཚོགས་གསལ་བསྒྲགས་འབད་ནི་དེ་གིས་ཨིན་པས།
འདས་པའི་ཟླཝ་ནང་ འབྲུག་ཀུན་མཉམ་ཚོགས་པ་གིས་ གནས་ཚུལ་གསར་བཏོན་འབད་མི་ཅིག་དང་འཁྲིལ་བ་ཅིན་ འདེམས་ངོ་ཚུ་ མི་སྡེ་བརྡ་བརྒྱུད་ཐོག་ལས་ཡང་ གསོལ་སྟོན་འབད་མ་ཆོག་པའི་ ལམ་ལུགས་བཟོ་མི་དེ་ བྱ་སྟབས་མ་བདེཝ་འདུག་ཟེར་ཨིནམ་ད་ དེ་ཡང་ འབད་ཆོག་དང་མི་ཆོག་ལེ་ཤ་བཟོ་བའི་སྐབས་ མི་སྡེ་ནང་ འཇིགས་སྣང་དང་ དོགས་པ་ དེ་ལས་ བློ་གཏད་མེད་པའི་བརྡ་མཚོན་སྟོནམ་ལས་ དེ་གིས་ དམངས་གཙོའི་རིང་ལུགས་ཀྱི་ གཞི་འགྱམ་ལེགས་ཤོམ་བཟོ་ནི་ལུ་ ཐོ་ཕོག་འོང་ཟེར་ཨིན་པས།
དེའི་སྐོར་ལས་ ཚོགས་པའི་གཙོ་འཛིན་འོག་མ་ བསོད་ནམས་སྟོབས་རྒྱས་ལས་ བསམ་འཆར་བསྡུ་ལེན་འབད་ནིའི་ དཔའ་བཅམ་པའི་ སྐབས་ཐོབ་མ་ཚུགས།
འབྲུག་མཉམ་རུབ་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ བསྟན་འཛིན་ལེགས་འཕེལ་གྱིས་ སླབ་མིའི་ནང་ སྲིད་དོན་ཚོགས་པ་ཚུ་གིས་ ལམ་ལུགས་ལུ་མ་གནས་པའི་སྐབས་ བཙག་འཐུ་ལྷན་ཚོགས་ཀྱིས་ ངོས་ལེན་འབད་མ་ཚུགས་པ་ཅིན་ ཧེང་སྐལ་རང་ ལམ་ལུགས་ལུ་གནས་མ་ཚུགས་པའི་ དཀའ་ངལ་ཐོན་འོང་ཟེར་ཨིན་པས།
དེ་བཟུམ་གྱི་ དཀའ་ངལ་ཐོནམ་ད་ གདོང་ལེན་འབད་མ་ཚུགས་པ་ཅིན་ ལྷན་ཚོགས་ལུ་ ཡིད་ཆེས་མེདཔ་འགྱོ་ནིའི་ཉེན་ཁ་ཡོདཔ་ལས་ ལྷན་ཚོགས་ཀྱིས་ ལཱ་ཚུ་འགན་ཁུར་དང་བསྟུན་འབད་དོ་ཡོད་པའི་རེ་བ་ཡོད་ཟེར་ བསྟན་འཛིན་ལེགས་འཕེལ་གྱིས་ བཤད་ཅི།
དེ་བཟུམ་སྦེ་ མི་སེར་དམངས་གཙོ་ཚོགས་པའི་ འཐུས་མི་ཅིག་གིས་ སླབ་མིའི་ནང་ བཙག་འཐུའི་གསལ་བསྒྲགས་ལུ་ མི་ངོ་རྐྱང་ཨིན་རུང་ སྲིད་དོན་ཚོགས་པ་གིས་འབད་རུང་ ངོས་ལེན་འབད་དགོ་ཟེར་ ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

 

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *