༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ སྲིད་ཚོགས་གསརཔ་ཅིག་ཨིན་མི་ འབྲུག་ཀུན་ཕན་ཚོགས་པ་ ཐོ་བཀོད་འབད་ནི་ལས་ ཆ་མེད་བཏང་ཡོདཔ་ད་ དེ་ཡང་ སྲིད་ཚོགས་དེ་ནང་ སྲིད་ཚོགས་ཀྱི་ འགན་ཁུར་འབག་སྟེ་ ལཱ་འབད་ནིའི་དོན་ལུ་ འགོ་ཁྲིདཔ་ལྕོགས་གྲུབ་ཅན་ མེད་ནི་དེ་གིས་ཨིན་པས།
སྲིད་ཚོགས་དེ་ ཐོ་བཀོད་འབད་ཐབས་ མེད་པའི་སྐོར་ལས་ སྤྱི་ཟླ་༧ པའི་ཚེས་༢༨ ལུ་ ལྷན་ཚོགས་ཀྱི་ སྲིད་ཚོགས་གཞི་བཙུགས་པ་དང་ གཙོ་འཛིན་ཡང་ཨིན་མི་ འཇིགས་མེད་འབྲུག་པ་ལུ་ ཡི་གུ་བཏང་ཡོདཔ་ཨིན་པས།
འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ སླབ་མིའི་ནང་ ཁོང་གིས་ འབྲུག་གི་རྩ་ཁྲིམས་ཆེན་མོ་དང་ བཙག་འཐུ་ཁྲིམས་ལུགས་ཚུ་དང་འཁྲིལ་ དབྱེ་ཞིབ་འབད་བའི་སྐབས་ སྲིད་ཚོགས་དེ་ལུ་ ད་ལྟོ་ ཐོ་བཀོད་ཅན་གྱི་ སྲིད་དོན་ཚོགས་པ་འབད་ ལཱ་འབད་ནིའི་ནང་ འགན་ཁུར་འབག་མི་ ལྕོགས་གྲུབ་ཅན་ཅིག་ མ་མཐོང་ཟེར་ཨིན་པས།
ལྷན་ཚོགས་ཀྱིས་ འཇིགས་མེད་འབྲུག་པ་ལུ་ བསྐྱལ་མི་ཡི་གུ་དང་འཁྲིལཝ་ད་ མ་གཞི་ སྲིད་ཚོགས་དེ་གིས་ དམངས་གཙོའི་རིང་ལུགས་ནང་ གྲལ་གཏོགས་འབད་ཡོདཔ་ཨིན་རུང་ ལྷན༌ཚོགས་ཀྱིས་ ངོས་འཛིན་འབད་མི་ ཚ་གྱང་དང་ བྱ་སྟབས་མ་བདེཝ་ཚུ་ ལེགས་བཅོས་འབད་ནིའི་ གོ་སྐབས་སྤྲོད་རུང་ འབད་མ་ཚུགས་ནི་དེ་གིས་ ངོས་ལེན་འབད་ཐབས་ མ་བྱུང་ཟེར་ཨིན་པས།
འཇིགས༌མེད༌འབྲུག་པ་གིས་ སླབ་མིའི་ནང་ ལྷན་ཚོགས་ཀྱིས་ སྲིད་ཚོགས་ཐོ་བཀོད་འབད་ནི་ལུ་ ངོས་ལེན་འབད་མ་ཚུགས་མི་དེ་ཡང་ གཙོ་བོ་ར་ སྲིད་ཚོགས་ཀྱི་ བཀའ་ཁྲིམས་དང་ གདམ་ངོ་ཚུ་གི་ གནས་སྐབས་ཀྱི་ མིང་ཐོ་མེད་མི་ དེ་ལས་ སྲིད་ཚོགས་ཀྱི་ འཐུས་མིའི་གཞི་འགྱམ་ རྒྱ་ཆེ་དྲགས་ཡོད་ནི་དེ་གིས་ ཨིན་མས་ཟེར་ཨིན་པས།
འཇིགས་མེད་འབྲུག་པ་གིས་ འབད་བ་ཅིན་ ལྷན་ཚོགས་ཀྱིས་ སྲིད་ཚོགས་ལུ་ བཀའ་ཁྲིམས་ལེགས་བཅོས་འབད་ནི་དང་ གཞན་མི་ཡིག་ཆ་ཚུ་ བཙུགས་ནིའི་དོན་ལུ་ དུས་ཡུན་ཆུ་ཚོད་༤༨ མ་གཏོགས་ མ་བྱིནམ་ལས་ འབད་མ་ཚུགས་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ སྲིད་ཚོགས་ཀྱིས་ མཐོ་རིམ་ཤེས་ཚད་ཅན་༤༡ རྩིས་ཏེ་ འཐུས་མི་༡༠༨ ཀྱི་ མིང་ཐོ་ཕུལ་ཡོདཔ་ཨིན་རུང་ ལྷན་ཚོགས་ཀྱིས་ འཐུས་མི་ཚུ་ རྒན་གཞོན་སླ་བསྲེས་ཏེ་དགོཔ་སྦེ་ སླབ་དེས་ཟེར་ཨིན་པས།
སྲིད་ཚོགས་ཀྱིས་ ཐོ་བཀོད་ཞུ་ཡིག་དེ་ སྤྱི་ཟླ་༦ པའི་ཚེས་༡༣ ལུ་ ཕུལ་ཡོདཔ་ཨིན་རུང་ ལེགས་བཅོས་འབད་དེ་ སྤྱི་ཟླ་༧ པའི་ཚེས་༢༠ ལུ་ བཙུགས་དགོཔ་སྦེ་ སྤྱི་ཟླ་༧ པའི་ཚེས་༡༨ ལུ་ ལོག་གནང་དེས་ཟེར་ཨིན་པས།
དེ་མ་ཚད་ ལྷན་ཚོགས་ཀྱི་ སྲིད་ཚོགས་ཀྱི་འཐུས་མི་ གཞན་ཚུ་གི་ཡང་ མིང་གསལ་བཀོད་འབད་དགོཔ་སྦེ་ སླབ་མ་ཚད་ གནས་སྐབས་ཀྱི་ གདམ་ངོ་ཚུ་གི་ མིང་ཐོ་ཚུ་ཡང་ གསལ་བཀོད་འབད་དགོཔ་སྦེ་ སླབ་མི་དེ་ཡང་ འོས་འབབ་མ་མཐོང་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཁོང་གི་གདམ་ངོ་ལ་ལོ་ཅིག་ ད་ལྟོ་ གཞུང་གཡོགཔ་དང་ ལ་ལོ་ཅིག་ ལས་འཛིན་ཚུ་ནང་ ལཱ་འབད་བའི་བསྒང་ཡོདཔ་ལས་ ད་ལྟོ་ལས་ར་ མིང་གསལ་བཀོད་འབད་ནི་དེ་ འོས་འབབ་མ་མཐོང་ཟེར་ཨིན་པས།
འཇིགས་མེད་འབྲུག་པ་གིས་ སླབ་མིའི་ནང་ ཁོ་གིས་ ཐོ་བཀོད་ཞུ་ཡིག་བཙུགས་མི་ལས་འགོ་བཙུགས་ ད་ལྟོ་ཚུན་ བཙག་འཐུ་ལྷན་ཚོགས་དེ་ ག་ཅི་འབད་ སྡོད་ཡོདཔ་ཨིན་ན་ཟེར་བའི་ དྲི་བ་བཀོད་དོ་ཡོདཔ་ད་ གལ་སྲིད་ཧེ་མ་ལས་ ལེགས་བཅོས་འབད་དགོ་པའི་སྐོར་ལས་ སླབ་པ་ཅིན་ འབད་ཚུགས་ཚུགསཔ་འོང་ཟེར་ཨིན་པས།
གནས་སྟངས་དེ་ལུ་ བལྟ་བ་ཅིན་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ ཁོ་གི་སྲིད་ཚོགས་དེ་ ཐོ་བཀོད་རྩ་ལས་ར་ མི་འབད་ནིའི་
བརྡ་མཚོན་བཏོནམ་མས་ཟེར་ཨིནམ་ད་ ཐོ་བཀོད་ཞུ་ཡིག་དེ་ཡང་ ལྷན་ཚོགས་ཀྱི་ དགོས་མཁོ་དང་འཁྲིལ་ཏེ་ར་ བཙུགས་ཡི་ཟེར་ སླབ་ཨིན་པས།
འཇིགས་མེད་འབྲུག་པ་གིས་ བཤད་མིའི་ནང་ ཁོ་གིས་ ཟླ་ངོ་༦ གི་རིང་ལུ་ སྲིད་ཚོགས་དེ་ གཞི་བཙུགས་འབད་ནི་ལུ་ རྩ་འགེངས་ཏེ་ ལཱ་འབད་བའི་མཐའ་མར་ ད་རེས་ ཐོ་བཀོད་འབད་མ་ཚུགསཔ་ཨིན་རུང་ འཕྲལ་མགྱོགས་ར་ ད་རུང་ སྲིད་ཚོགས་གསརཔ་ཅིག་ གཞི་བཙུགས་འབད་ནི་ཨིན་ཟེར་ཨིན་པས།
ཁོ་གིས་བཤད་མིའི་ནང་ སྲིད་ཚོགས་གསརཔ་དེ་ གཞི་བཙུགས་འབད་ཞིནམ་ལས་ སྲིད་འཛིན་དེ་ཡང་ སྲིད་ཚོགས་ཀྱི་ ཞལ་འཛོམས་ཐོག་ལས་ བསྐོ་བཞག་འབད་ནི་དང་ ཐོ་བཀོད་ལམ་ལུགས་ཀྱི་སྐོར་ལས་ཡང་ ལེགས་ཤོམ་སྦེ་ ཧ་གོ་ཡོདཔ་བཞིན་དུ་
ཡིག་ཆ་ཚུ་ཡང་ ལེགས་བཅོས་འབད་ནི་ ཨིན་ཟེར་ཨིན་པས།
སྲིད་དོན་ཚོགས་པའི་ ཁྲིམས་ལུག་དང་འཁྲིལཝ་ད་ སྲིད་དོན་ཚོགས་པ་ གཞི་བཙུགས་འབད་དེ་ དུས་ཡུན་ཟླ་ངོ་༡ གི་ནང་འཁོད་ལུ་ བཙག་འཐུ་ལྷན་ཚོགས་ནང་ ཐོ་བཀོད་ཀྱི་དོན་ལུ་ བཙུགས་དགོ་ཟེར་ཨིནམ་མ་ཚད་ དེ་དང་གཅིག་ཁར་ སྲིད་དོན་ཚོགས་པའི་མིང་དང་ ངོ་རྟགས་ སྲིད་འཛིན་གྱི་ མིང་དང་ ཁ་བྱང་ དྲུང་ཆེན་ རྩིས་འཛིན་པ་ དེ་ལས་ ཡིག་ཚང་འཆང་མི་ཚུ་གི་ མིང་ཐོ་ཚུ་
ཁག་ཆེ་བའི་ ཡིག་ཆ་གཞན་ཚུ་དང་གཅིག་ཁར་ ལྷན་ཚོགས་ནང་ བཙུགས་དགོཔ་སྦེ་ བཀོད་དེ་ཡོདཔ་ཨིན་པས།
བཙག་འཐུ་ལྷན་ཚོགས་ཀྱི་ གནས་ཚུལ་གསར་བཏོན་ནང་ བཀོད་དོ་བཟུམ་འབད་བ་ཅིན་ སྲིད་ཚོགས་ཀྱིས་ ལྷན་ཚོགས་ལུ་བཙུགས་མི་ སྲིད་ཚོགས་ཐོ་བཀོད་ཡིག་ཆ་དེ་ལུ་ རྩ་ཁྲིམས་ཆེན་མོ་དང་ བཙག་འཐུ་ཁྲིམས་ལུགས་དང་འཁྲིལ་ ལྷན་ཚོགས་ཀྱིས་
དབྱེ་ཞིབ་འབད་དགོཔ་ ཨིན་ཟེར་ཨིན་པས།
དེ་མ་ཚད་ སྲིད་ཚོགས་ཀྱི་ གསལ་བཀོད་འབད་མི་ འཐུས་མི་༡༠༨ ཡོད་རུང་ རྒྱལ་ཡོངས་ཚོགས་འདུའི་འདེམས་འཁོངས་༡༣ གྱི་དོན་ལུ་ འཐུས་མི་མེདཔ་ད་༡༥ ཐོ་བཀོད་འབད་མི་ཚུ་ཡང་ གཏན་འཁེལ་མེད་མི་ཚུ་ ཨིན་པས་ཟེར་ཨིན་མས།
བཙག་འཐུ་ལྷན་ཚོགས་ཀྱིས་ སླབ་མིའི་ནང་ སྲིད་ཚོགས་དེ་ལུ་ སྐྱེས་ལོ་༢༣ ལས་༢༤ འབད་མི་ གདམ་ངོ་༨ དང་ སྐྱེས་ལོ་༢༥ ལས་༢༩ འབད་མི་༢༦ དེ་ལས་ སྐྱེས་ལོ་༣༠ ལས་༣༨ འབད་མི་༦ འབད་མི་ཚུ་གི་གྲས་ལས་༡ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་བཙུགས་མིའི་ མིང་ཐོ་ནང་ཡང་ མིན་འདུག་ཟེར་ཨིན་པས།
དེ་བཟུམ་སྦེ་ སྲིད་ཚོགས་ཀྱིས་བཙུགས་མི་ དངུལ་འབྲེལ་སྙན་ཞུ་དེ་ནང་ཡང་ འཛོལ་བ་ཡོདཔ་མ་ཚད་ བཀའ་ཁྲིམས་དང་ ཡིག་ཆ་གཞན་ཚུ་ཡང་ དག་བཅོས་འབད་དགོཔ་འདུག་ཟེར་ ཨིན་པའི་གནས་ཚུལ།
སྐད་སྒྱུར་ ཉི་མ་དབང་འདུས།